ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ གྱིབ་ཀྱི་རྩེད་ཐང་ནང་ ཨམ་སྲུ་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ གྱིབ་ཀྱི་རྩྭ་གདན་ཐང་ནང་ ཕུཊ་བཱོལ་རྩེད་མི་སྡེ་ཚན་ ལེ་ཤ་འོང་དོ་ཡོདཔ།

༉ བཀང་ལུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་ཞིནམ་ལས་ ཕུཊ་བཱོལ་རྩེད་ནི་ལུ་ སྤྲོ་བ་བསྐྱེད་མི་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ཡང་ ཕོ་སྐྱེས་ཚུ་གིས་མ་ཚད་པར་ ཨམ་སྲུ་ཚུ་གིས་ཡང་ རང་སོའི་སྡེ་ཚན་བཟོ་སྟེ་ རྩེད་འགྲན་འབད་བར་འོང་དོ་ཡོདཔ་ད་ བདུན་ཕྲག་རེ་ནང་ རྩེད་འགྲན་ཐེངས་༣༢ དང་༣༥ འི་བར་ན་ རྩེད་དོ་ཡོདཔ་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ གཙོ་འཛིན་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ གྱིབ་ཀྱི་རྩྭ་གདན་འཐིང་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ གཙུག་ལག་གཙོ་འཛིན་གྱི་རྩེད་འགྲན་ཟེར་ ཕུཊ་བཱོལ་རྩེད་འགྲན་ཁག་༢ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ དེ་ཡང་ རྩེདམོ་གི་ཐོག་ལས་ གཟུགས་ཁམས་སྒྲིང་སྒྲི་བཞག་ཐབས་ལུ་ དམིགས་ཏེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཙུག་ལག་གཙོ་འཛིན་གྱི་རྩེད་འགྲན་དེ་ ལོ་བསྟར་གྱི་རྩེད་འགྲན་སྦེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ སྡེ་ཚན་༣༨ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ དུས་ཅི་འབད་བ་ཅིན་ སྡེ་ཚན་༣༢ དེ་ཅིག་གིས་ བཅའ་མར་གཏོགས་ཡི་ཟེར་ཨིན་པས།
རྩེད་ཐང་དེ་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་དང་ ཕྱི་ཁ་ལས་འོང་མི་༢ ཆ་ར་གིས་ ལེགས་ཤོམ་སྦེ་ར་ སྤྱོད་དོ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ རྩེད་ཐང་དེ་ ཧེ་མ་ལས་ བདག་སྲུང་འབད་དེ་ བཞག་ནི་འདུག་ཟེར་ཨིན་པས།
གཟའ་མིག་དམར་དང་ ལྷག་པ་ ཕུར་བུ་ལུ་ སློབ་ཕྲུག་ཚུ་གི་དོན་ལུ་ རྩེདམོ་རྩེ་ནིའི་གོ་སྐབས་སྤྲོད་དོ་ཟེར་ འགོ་དཔོན་ཚུ་གིས་བཤད་པའི་ཁར་ དེ་ཡང་ དྲོ་པའི་ཆུ་ཚོད་༦:༣༠ ལས་༧:༣༠ ཚུན་ཚོད་ གོ་སྐབས་སྤྲོད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ཟླཝ་༨ པ་ལས་ ད་ལྟོ་ཚུན་ རྩེད་ཐང་ལུ་བརྟེན་ དངུལ་ཀྲམ་༩༢༠,༠༠༠ བཟོ་ཡོདཔ་བཞིན་དུ་ གློག་མེའི་ཁྲལ་དངུལ་ཀྲམ་༡༥༠,༠༠༠ བཏབ་ད་ འོང་འབབ་དངུལ་ཀྲམ་༧༢༢,༠༠༠ བཟོ་ཡོདཔ་ད་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ རེ་ གློག་ཁྲལ་གྱི་དོན་ལུ་ གསོག་འཇོག་འབད་དོ་ཟེར་ ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
གཟའ་པ་སངས་ལུ་འབད་བ་ཅིན་ རྒྱུན་སྐྱོང་དང་ ལེགས་བཅོས་ཀྱི་དོན་ལུ་ སྟོངམ་སྦེ་བཞག་དོ་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ རྩེད་ཐང་དེ་ གསརཔ་འབད་ནི་དེ་གིས་ ལེགས་བཅོས་གངམ་ འབད་དགོཔ་མི་འཐོན་པས་ཟེར་ཨིནམ་ད་ རྒྱུན་སྐྱོང་གི་ཟད་འགྲོ་ཡང་ དེ་ཅིག་ར་ མི་གནས་པས་ཟེར་ཨིན་པས།
གཟའ་སྤེན་པའི་ཉིན་མ་ལས་ ཕྱིའི་རྩེད་འགྲན་པ་ཚུ་ལུ་ གོ་སྐབས་སྤྲོད་དོ་ཡོདཔ་མ་ཚད་ གཟའ་ཉི་མ་ལུ་འབད་བ་ཅིན་ ཉིནམ་གཅིག་ར་ ཕྱི་ཁའི་རྐང་རྩེདཔ་ཚུ་ལུ་ གོ་སྐབས་བྱིན་དོ་ཟེར་ རྩེདམོ་གི་ངོ་ཚབ་ འོད་ཟེར་གྱིས་ བཤད་པའི་ཁར་ གཟའ་ཟླ་བ་ལུ་འབད་བ་ཅིན་ ཕྱི་ཁའི་རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་ཐེངས་༢ རྐྱངམ་གཅིག་ རྩེད་བཅུག་དོ་ཟེར་ཨིན་པས།
གཟའ་ཟླ་བ་ལུ་ རྩེད་ཐང་དེ་ གོ་སྐབས་མང་ཤོས་ར་ སློབ་ཕྲུག་ཚུ་ལུ་ བྱིན་དོ་ཡོདཔ་ད་ དེ་ཡང་ སློབ་ཕྲུག་ཚུ་ མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་འཁོད་ བཞག་ཐབས་ལུ་དམིགས་ཏེ་ཨིན་ཟེར་ གཙོ་འཛིན་གྱིས་བཤདཔ་ཨིན་པས།
གཙོ་འཛིན་དང་འཁྲིལ་བ་ཅིན་ ཕྱི་རུ་རྩེད་འགྲན་འབད་བའི་སྐབས་ གློག་མེ་བཏེག་དགོཔ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༧,༠༠༠ དང་༢༠,༠༠༠ གི་བར་ན་ གློག་མེ་ལས་འཛིན་ལུ་ སྤྱོད་ཁྲལ་བཏབ་དོ་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ ཕྱི་རུ་རྩེད་འགྲན་རེ་ལས་ འཐུས་དངུལ་ཀྲམ་༣༥༠༠ རེ་ བསྡུ་དོ་ཡོདཔ་བཞིན་དུ་ དངུལ་ཀྲམ་༡༠༠༠ གློག་མེའི་འཐུས་སྦེ་ ལེན་དོ་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ འདྲ་མཉམ་ཐོག་ལས་ གོ་སྐབས་སྤྲོད་ནི་དང་ དྭངས་གསལ་ཐོག་ལས་ འཐུས་བསྡུ་ཐབས་ལུ་ པར་ཆས་སི་སི་ཊི་བི་ཡང་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དུས་ཚོད་ནམ་ལུ་ སྡེ་ཚན་ག་གིས་ རྩེད་འགྲན་འབད་ཡོདཔ་ཨིན་ནའི་ ཐོ་བཀོད་བཞག་དོ་ཟེར་ཨིན་པས།
ཉིན་མ་ རྩེད་འགྲན་འབད་བ་ཅིན་ འཐུས་དངུལ་ཀྲམ་༢༥༠༠ སྤྲོད་དགོཔ་ད་ དངུལ་ཀྲམ་༡༥༠ རྩེད་དཔོན་གྱི་དོན་ལུ་ འཐུས་སྦེ་བྱིན་དོ་ཟེར་ཨིནམ་ད་ རྩེད་དཔོན་ཚུ་ཡང་ སྦྱོང་བརྡར་འབད་མི་ཙང་ཙ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གྱིབ་ཀྱི་རྩྭ་གདན་འཐིང་བའི་མཐའ་མར་ ཕུཊ་བཱོལ་ལུ་སྤྲོ་བ་བསྐྱེད་མི་ཡང་ ཡར་སེང་སོང་ཡོདཔ་བཞིན་དུ་ རྩེདམོ་རྩེ་མི་ཚུ་ཡང་ བཀྲིས་སྒང་ནང་འཁོད་ཀྱི་ རྐང་རྩེདཔ་ཚུ་གིས་མ་ཚད་པར་ ཉེ་འདབས་ཀྱི་རྫོང་ཁག་ པདྨ་དགའ་ཚལ་དང་ བཀྲིས་གཡང་རྩེ་ དེ་ལས་ དགྲ་མེད་རྩེད་ལས་ཡང་ སྡེ་ཚན་བཟོ་སྟེ་ རྩེདམོ་རྩེ་བར་ འོང་དོ་ཡོདཔ་ཨིན་པས།
རྩེད་ཐང་ནང་ ཕོ་སྐྱེས་ཚུ་གིས་མ་ཚད་ ཨམ་སྲུ་ཚུ་གིས་ཡང་ སྡེ་ཚན་སྦེ་བཟོ་སྟེ་ རྩེདམོ་རྩེ་བར་འོང་དོ་ཡོདཔ་ད་ ཨམ་སྲུ་ཚུ་ལུ་ རིན་མེད་སྟོང་པར་སྦེ་ རྩེད་བཅུག་མི་དེ་ཡང་ ཡར་རྒྱས་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
རྩེད་ཐང་གི་ས་ཁོངས་ནང་ ཨ་ལོ་ཆུང་ཀུ་ཚུ་ རྩེདམོ་རྩེ་ནི་དང་ ཕུཊ་སཱལ་རྩེད་ཐང་ཆུང་ཀུ་ཅིག་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་རུང་ མ་དངུལ་གྱི་ དཀའ་ངལ་འདུག་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *