ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ ལས་རིམ་ནང་ གྲུབ་འབྲས་ཅིག་གསལ་སྟོན།

༉ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ ཇ་པཱན་ལུ་ ཤེས་ཡོན་སྦྱངམ་དང་འབྲེལ་ ལཱ་འབད་ནིའི་ ལས་རིམ་ཐོག་ལས་ འབྲུག་པའི་ན་གཞོན་ཚུ་ བཏང་མི་དེ་ནང་ ཡིག་ཆ་རྫུས་མ་བཟོ་བའི་ དོགས་པ་ལུ་བརྟེན་ བི་ཨོ་ཨི་ཟེར་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ ཇོ་བདག་གཉིས་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ དོ་དམ་འོག་ལུ་ བཙུགས་པའི་ཤུལ་ལས་ མི་ལེ་ཤ་ཅིག་གིས་ར་ མི་སྡེ་བརྡ་བརྒྱུད་ཐོག་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ལེགས་བསྟོད་ཡོད་ལུགས་བཀོད་ནུག།
དེ་ཡང་ རྩོད་དོན་དེ་ གཞུང་གི་གནས་རིམ་ནང་ ཡལ་ནི་གུ་ལྷོད་པའི་ ནམ་དུས་ལུ་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ གྲུབ་འབྲས་ཅིག་ གསལ་སྟོན་འབད་ནི་དེ་གིས་ཨིན་མས།
ཇ་པཱན་ལུ་ ཤེས་ཡོན་སྦྱངམ་དང་འབྲེལ་ ལཱ་འབད་ནིའི་ ལས་རིམ་ནང་ འབྲུག་གི་ན་གཞོན་ཚུ་ བཏང་ཞིནམ་ལས་ཚུར་ དཀའ་སྡུག་མྱོང་མི་དང་ འཐུས་མཐོ་དྲགས་ དེ་ལས་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་ཚུ་ ཐོན་ནི་དེ་གིས་ དང་པ་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ཡོད་རུང་ བདག་སྐྱོང་དང་འབྲེལ་བའི་ གན་དོན་དང་ བྱ་སྒོ་ལམ་ལུགས་ཚུ་ ཚུལ་ལྡན་མ་འཐབ་པའི་ དཀའ་ངལ་ཡོདཔ་མ་གཏོགས་ ངན་ལྷད་དང་ གཡོ་སྒྱུ་ལག་ལེན་འཐབ་པའི་ སྒྲུབ་བྱེད་མ་ཐོབ་མི་ལུ་བརྟེན་ བི་ཨོ་ཨི་ལས་སྡེའི་ ཆོག་ཐམ་ཆ་མེད་གཏང་དགོཔ་དང་ སློབ་ཕྲུག་ཚུ་ལས་ སྐྱོད་ཐམ་གྱི་འཐུས་ ཚད་ལས་བརྒལ་ཏེ་ ལེན་མི་ཚུ་ སོར་ཆུད་འབད་དགོཔ་ དེ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ ཁྲིམས་ཀྱི་དང་ལེན་ འབད་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་དེ་ ཟླཝ་ལེ་ཤ་ལང་སོ་ནུག།
ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོད་རུང་ ལོ་རྒྱུས་ནང་འཁྲིལ་བ་ཅིན་ རྩོད་བཤེར་འབད་ནི་གི་ འོས་འབབ་མེདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ལོག་གཏང་ནི་བཟུམ་འདུག་ཟེར་ཨིན་མས།
དེ་བཟུམ་སྦེ་ ལས་གཡོག་བློན་པོ་གི་ འགོ་ཁྲིད་ཐོག་ འཐུས་མི་སྡེ་ཚན་ཅིག་ གནས་སྟངས་བརྟག་ཞིབ་འབད་བར་ ཇ་པཱན་ལུ་ སོངཡོད་རུང་ དེ་ནང་ཡང་ སྟབས་མ་བདེཝ་སྦོམ་ཡོདཔ་ མ་མཐོངམ་ལས་ ན་གཞོན་ཚུ་གིས་ ལས་རིམ་དེ་གི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་དངུལ་ཀྲམ་འབུམ་༦ དང་༧ གྱི་བར་ན་ ལེན་མི་ཚུ་གི་ སྐྱིན་ཚབ་བཏབ་ནི་གི་ དུས་ཡུན་རྐྱངམ་གཅིག་ ཡར་སེང་འབད་ནུག།
ཨིན་རུང་ ཨ་ལོའི་ཕམ་ཚུ་ བསམ་པ་མ་རྫོགས་པར་ ཕ་མའི་ཚོགས་པ་བཟོ་ཐོག་ལས་ ངོ་ཚབ་དང་ ཁྲིམས་དོན་འགོ་དཔོན་ཡོད་མི་ སྡེ་ཚན་ཅིག་ ཇ་པཱན་ལུ་ སོང་ཡོདཔ་མ་ཚད་ བློན་ཆེན་ལུ་ཡང་ བར་ཞུགས་ཐོག་ དཀའ་སྡུག་སེལ་གནང་དགོ་པའི་ ཞུ་བ་ཕུལ་བའི་མཐའ་མར་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ན་གཞོན་དང་ ཕམ་ དེ་ལས་ ངོ་ཚབ་ཚུ་བརྩིས་ཏེ་ མི་༡༠༠ ལྷགཔ་ཅིག་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལྟེ་བའི་ ས་ཁོངས་ནང་སོང་སྟེ་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ལུ་ ཞིབ་དཔྱད་གནང་དགོ་པའི་ ཞུ་བ་ཕུལ་ནུག།
ཁོང་གིས་ བི་ཨོ་ཨི་ལས་སྡེ་ལུ་ ཉེས་འགེལ་གྱི་ ཉོགས་བཤད་ཁག་༥ ཐོག་ལུ་ ཕུལ་ཡོད་མི་ཚུ་ཡང་ ན་གཞོན་ཚུ་ ཇ་པཱན་ལུ་ བཏངམ་ད་ ཡིག་ཆ་རྫུས་བཟོ་དང་ གཡོ་སྒྱུ་ལག་ལེན་ བརྡབ་གསིག་ ཉེན་ཁ་བྱུང་རུང་ རྒྱབ་བསྐྱུར་བཞག་ཡོདཔ་ དེ་ལས་ མི་ནག་ཚོང་འཐབ་པའི་ ཁ་ཉེས་ཚུ་ བཀོད་ཡོདཔ་བཞིན་དུ་ ཡིག་ཆ་རྫུས་མ་དེ་ཡང་ ལས་སྡེ་གིས་ དངུལ་ཁང་གི་ རྩིས་ཁྲ་རྫུས་བཟོ་ཐོག་ རྩིས་ཁྲ་ཚུ་ནང་ ཏི་རུ་མེད་རུང་ ཡོདཔ་བཟོ་སྟེ་ དངུལ་ཁང་གི་ ལས་རྟགས་དང་ མིང་རྟགས་ཚུ་ རྫུས་མ་བཀོད་ཡོད་པའི་ ཁ་ཉེས་བཀལ་ནུག།
མ་གཞི་ ཁྲིམས་འདུན་ལས་ འཁྲུན་ཆོད་མ་གནང་ཚུན་ཚོད་ རྩོད་ཟླ་གང་རུང་ལུ་ ཉེས་པ་ཡོད་པའི་གྲངས་སུ་ བརྩི་འཇོག་འབད་ཐབས་མེད་རུང་ ད་རེས་ ཁྲིམས་སྲུང་འགག་པ་གིས་ ཡིག་ཆ་རྫུས་བཟོའི་ སྒྲུབ་བྱེད་དང་འཁྲིལ་ ལས་སྡེའི་ཇོ་བདག་གཉིས་ དོ་དམ་འོག་ལུ་ བཞག་མི་དེ་ ད་ཚུན་གྱི་བར་ན་ ཉམས་རྒུདཔ་ན་གཞོན་དང་ ཕམ་ཚུ་གིས་ ཉོགས་བཤད་དང་ རྩོད་དོན་དེ་ བཤོལ་བཞག་ཐབས་མེད་པའི་ བརྩོན་ཤུགས་བསྐྱེད་པའི་ གྲུབ་འབྲས་ཅིག་དང་ ད་ལས་ཕར་ རྩོད་རྙོགས་སེལ་ཚུགས་པའི་ བརྡ་མཚོན་ཅིག་ཨིན་མས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *