ཤེས་ཡོན་ལྷབ་སྦྱང་གི་ གནས་སྟངས་ལེགས་ཤོམ་དགོ་ནི།

༉ འདས་པའི་ལོ་༣ དང་༤ དེ་ཅིག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ལེ་ཤ་ཅིག་ར་ མཉམ་བསྡོམས་འབད་དེ་ སློབ་གྲྭ་ལྟེ་བ་༦༢ དེ་ཅིག་ གཞི་བཙུགས་ཐོག་ སློབ་ཕྲུག་ཚུ་ལུ་ སོ་སྨན་སོ་བཀྲུ་དང་ གླང་ལེབ་ལས་འགོ་བཟུང་ བཀབ་གོ་ལ་ཚུ་ རིན་མེད་སྟོང་པར་སྦེ་ བྱིན་མི་ལུ་བརྟེན་ མང་ཤོས་ཅིག་གིས་ར་ ལེགས་ཆའི་ངོས་ལེན་འབདཝ་ཨིན་མས།
མ་གཞི་ སློབ་གྲྭ་ལྟེ་བ་ཚུ་ གཞི་བཙུགས་འབད་བའི་ ནམ་དུས་ལུ་ ཡུན་བརྟན་ག་དེ་སྦེ་ གནས་ཚུགས་འོང་ག་ཟེར་ ཚ་གྱང་བཤད་མི་དང་ དྲི་བཀོད་འབད་མི་ ལེ་ཤ་ཐོན་ཡོད་རུང་ ད་ལྟོ་ སྟབས་མ་བདེཝ་དང་ གདོང་ལེན་བྱུང་པའི་སྐོར་ ལོ་རྒྱུས་མི་གོ་བས།
གཞུང་གིས་ སློབ་གྲྭ་ལེ་ཤ་ཅིག་ གཅིག་ཁར་བསྡབས་མི་དེ་ཡང་ གཞི་རྟེན་ཁང་དང་ མཐུན་རྐྱེན་ཚུ་ གཅིག་སྒྲིལ་དང་ ལེགས་བསྒྱུར་འབད་ནི་ དེ་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཤེས་རིག་ཡོན་ཏན་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ཐབས་ལུ་ཨིན་མས།
འདི་འབདཝ་ད་ སློབ་གྲྭ་དང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་གི་ བརྩོན་ཤུགས་བསྐྱེདཔ་དང་གཅིག་ཁར་ མཐའ་ཟུར་གྱི་ སློབ་གྲྭ་རེ་གཉིས་ སྣང་མེད་སྦེ་ བཞག་མི་དེ་གིས་ ཨ་ལོ་ཚུ་གི་ ཤེས་ཡོན་ལུ་ ཐོ་ཕོག་པའི་ གནད་དོན་ཚུ་ཡང་ མཐོང་གསལ་བྱུངམ་མས།
དཔེ་འབད་བ་ཅིན་ མོང་སྒར་རྫོང་ཁག་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ རྩ་མང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༡༢༧ ཡོད་རུང་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་ལྷབ་སའི་ སློབ་ཁང་ཚུལ་ལྡན་ཅིག་མེད་པར་ དུས་ཅི་འབདཝ་ད་ ལོ་༦ ལང་མི་དེ་ཡང་ སྤྱི་ལོ་༡༩༧༧ ལུ་ གཞི་བཙུགས་འབད་མི་ སློབ་གྲྭ་དེ་ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་གྱིས་ རྩ་བ་ལས་ མེདཔ་བཏང་པའི་ཤུལ་ལས་ ད་ལྟོ་ སློབ་ཕྲུག་ཚུ་ སྦ་སྒོར་ནང་སྦེ་ ཤེས་ཡོན་སྦྱངམ་ཨིན་མས།
སློབ་ཁང་ཚུ་ ལྕགས་ཤོག་ཀྱི་ བཅད་མཚམས་བཟོ་སྟེ་ཡོདཔ་ལས་ སློབ་ཁང་༡ ནང་ སློབ་སྟོན་འབད་མི་དེ་ སློབ་ཁང་གཞན་ནང་ གོ་བའི་ཁར་ སློབ་ཁང་ནང་གི་ སློབ་ཕྲུག་ཚུ་ཡང་ གཅིག་གིས་གཅིག་ལུ་ མཐོང་ཚུགསཔ་ལས་ ཤེས་ཡོན་ལྷབ་ནི་དང་ སློབ་སྟོན་འབད་ནི་ལུ་ བར་ཆད་བྱུང་དོ་ཡོདཔ་ཨིན་མས།
ད་རུང་ སློབ་ཕྲུག་ཚུ་གི་ཉལ་ཁྱིམ་ བཟོ་སྐྲུན་འབད་དེ་ ལོ་ངོ་༤ དེ་ཅིག་ལས་བརྒལ་ མ་ལང་རུང་ གནམ་པང་དང་ ཤིང་ཆས་ཚུ་ མེདཔ་ཐལ་ཡོདཔ་མ་ཚད་ ཉལ་ཁང་གི་ སྟེང་སྒོའི་ལམ་བདའ་སྟེ་ ཧ་ཀ་ཧོ་ཀ་ཐོན་ཡོད་པའི་ཁར་ ཤིང་གི་ལག་གདང་ཚུ་ཡང་ རམ་འགྱོ་སག་ས་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་སྡོད་ནུག།
ད་རུང་ སློབ་ཕྲུག་བུཚ་དང་ བུམོ་གཉིས་ཆ་རའི་ གསང་སྤྱོད་ཀྱི་ བཙོག་དུང་ཚུ་ རྦད་ཡོདཔ་ལས་ མཐའ་འཁོར་ཁམས་ལོག་སི་སི་དང་ ཨ་དྲི་ནང་ སྡོད་དགོ་ནི་དེ་གིས་ ཨ་ལོ་ཚུ་ འཕྲལ་འཕྲལ་ར་ ན་ནི་ཡོདཔ་ཨིན་མས།
འདི་བཟུམ་མའི་ དཀའ་ངལ་ཡོད་མི་དེ་ རྩ་མང་སློབ་གྲྭ་རྐྱངམ་གཅིག་མེན་པར་ མཐའ་ཟུར་གྱི་ ས་གནས་གཞན་ཚུ་ཡང་ འོང་སྲིད་ནི་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིབ་དཔྱད་མ་རྐྱབ་པ་ཅིན་ ཤེས་རྟོགས་འབྱུང་མི་ཚུགས།
རྩ་མང་སློབ་གྲྭའི་ཐད་ལུ་ གནས་སྟངས་སྐྱོ་དྲགས་སྦེ་ བཞག་མི་དང་ ཁག་འབགཔ་གི་ ཁ་ཐུག་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ཡོད་མི་དེ་ སློབ་གྲྭའི་དབང་འཛིན་གྱིས་ རྫོང་ཁག་ཤེས་རིག་ཡིག་ཚང་དང་ ཡང་ཅིན་ ཤེས་རིག་ལྷན་ཁག་ལུ་ སྙན་ཞུ་མ་འབད་བར་ བཞག་མི་ལུ་བརྟེན་ཨིན་ན? ཡང་ཅིན་ སྙན་ཞུ་འབད་རུང་ མཐའ་ཟུར་གྱི་ སློབ་གྲྭ་ཅིག་འབདཝ་ལས་ འཆར་དངུལ་མ་བྱིན་པར་ སྣང་ཆུང་སྦེ་ བཞག་ཡོདཔ་ཨིན་ན་ དེ་གི་སྐོར་ལས་ བརྟག་ཞིབ་འབད་དགོཔ་འདུག།
ཤེས་རིག་གི་ སྲིད་བྱུས་དང་འཁྲིལ་བ་ཅིན་ ཁྲོམ་དང་མཐའ་ཟུར་གྱི་ སློབ་གྲྭ་ཚུ་ དབྱེ་བ་མ་ཕྱེ་བར་ གཞི་རྟེན་ཁང་དང་ མཐུན་རྐྱེན་ཚུ་ འདྲ་མཉམ་སྦེ་ མཁོ་སྤྲོད་འབད་དགོཔ་མ་ཚད་ རྒྱལ་ཁབ་ཀྱི་ མ་འོངས་པའི་ འགོ་ཁྲིད་འབད་ནི་ཨིན་མི་ ཨ་ལོ་ཚུ་ ཤེས་ཡོན་ལྷབ་སྦྱང་འབད་སའི་ ས་གོ་ཡང་ དགའ་ཏོག་ཏོ་དང་ སྟབས་བདེ་ཏོག་ཏོ་ བཟོ་དགོཔ་བཞིན་དུ་ རྩ་མང་སློབ་གྲྭ་བཟུམ་ སྣང་མེད་ལུས་མི་ཚུ་ཡང་ ལྷན་ཁག་གི་ ཁ་ཐུག་ལས་ ཞིབ་འཇུག་དང་ ལྟ་རྟོག་འབད་དེ་ ཉམས་བཅོས་དང་ ལེགས་བསྒྱུར་འབད་དགོ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *