ཤེས་ཡོན་ལྟ་སྐོར་ལུ་བརྟེན་ སློབ་ཕྲུག་ཚུ་ དཔེ་ཆ་རྩ་འགེངས་ལྷབ་ནི་ལུ་སེམས་ཤུགས།

༉ སློབ་ཕྲུག་སངས་རྒྱས་སྒྲོལ་མ་གིས་ ན་ཧིང་ ཆུ་ཁ་ཝང་ཆུ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་རིམ་༧ པ་ མཇུག་བསྡུ་བའི་ཤུལ་ལུ་ མཐུན་རྐྱེན་རིན་མེད་སྟོང་པར་ཐོབ་མི་ སློབ་གྲྭ་ལྟེ་བའི་ནང་ མ་འགྱོ་བར་ ཨ་རི་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འཛུལ་ཡོདཔ་ཨིན་པས།
མོ་གིས་ ཨ་རི་ཁ་སློབ་གྲྭ་གདམ་ཁ་རྐྱབ་མི་དེ་ཡང་ ཆོས་རྒྱུགས་ནང་ སྐུགས་བརྒྱ་ཆ་༨༠ ཡན་ཆད་ཐོབ་མི་ སློབ་ཕྲུག་ཚུ་ ཤེས་ཡོན་སྤྲོ་སྟོན་གྱི་ ལྟ་སྐོར་ལས་རིམ་ནང་ ཁྱིད་ནི་གི་ ལམ་ལུགས་ཡོད་མི་ལུ་བརྟེན་ཨིན་པས།
སྐྱེས་ལོ་༡༤ ལང་མི་ སློབ་རིམ་༨ པའི་སློབ་ཕྲུག་ སངས་རྒྱས་སྒྲོལ་མ་དེ་ ད་རེས་ མོ་རའི་ཆ་རོགས་༣༥ དང་གཅིག་ཁར་ ཐིམ་ཕུག་དང་ སྤ་རོ་ལུ་ ཤེས་ཡོན་ལྟ་སྐོར་ལུ་ འོང་མི་དེ་ མོ་གིས་ དཔེ་ཆ་རྩ་འགེངས་ཏེ་ལྷབ་པའི་ གྲུབ་འབྲས་ཅིག་ཨིན་པས།
ཤེས་ཡོན་ལྟ་སྐོར་གྱི་ གོ་སྐབས་ལེན་ནིའི་དོན་ལུ་ ཨ་རི་ཁ་སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ ཤེས་ཡོན་ལྟ་སྐོར་དེ་ ཁོང་སློབ་ཕྲུག་ཚུ་ལུ་ བལྟ་རྒྱ་མཐོང་རྒྱ་ འཐོབ་ནིའི་དོན་ལུ་ཨིནམ་མ་ཚད་ སློབ་གྲྭའི་དབུ་འཛིན་གྱིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ཆུད་ཟད་མ་བཏང་པར་ དོན་སྨིན་ཅན་སྦེ་ བཟོ་དགོ་ཟེར་ཨིན་པས།
དབུ་འཛིན་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༤ ལུ་ སློབ་གྲྭ་དེ་ནང་ གནས་སོར་སྦེ་ ལྷོད་པའི་སྐབས་ སློབ་ཕྲུག་མང་ཤོས་ར་ ཆོས་རྒྱུགས་ཀྱི་དོན་ལུ་ གྲ་སྒྲིག་མེད་པའི་ཁར་ ཆོས་རྒྱུགས་རྐྱབ་ནིའི་ དུས་ཚོད་ཡང་ བདུན་ཕྲག་༡ ལས་བརྒལ་མེདཔ་ལས་སློབ་ཕྲུག་ཚུ་ལུ་ དཔེ་ཆ་ལྷབ་ནི་གི་ སེམས་ཤུགས་ག་དེ་སྦེ་ བསྐྱེད་པ་ཅིན་ དྲག་ནི་ཨིན་ན་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
འབྱོར་པ་ཅན་གྱི་ སློབ་ཕྲུག་ལ་ལོ་ཅིག་ལུ་ སྐུགས་ཀྱི་ཚད་གཞི་ཅིག་ བཟོ་ཐོག་ལས་ ཁྱོསམ་ཉོ་བྱིན་ནི་གི་ ཁས་བླངས་འབད་ཡོད་རུང་ སློབ་ཕྲུག་མང་ཤོས་ར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ཨིནམ་ལས་ དབུ་འཛིན་གྱིས་ ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༨༠ ཡན་ཆད་ཐོབ་མི་ སློབ་ཕྲུག་ཚུ་ གསོལ་རས་བཟུམ་ཅིག་སྦེ་ ཤེས་ཡོན་ལྟ་སྐོར་ནང་ ཁྱིད་འོང་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ སླབ་ཕྲུག་ཚུ་ལུ་ ཤེས་ཡོན་ལྟ་སྐོར་ ག་ཏེ་ལུ་ འགྱོ་ནི་ཨིན་ན་ གདམ་ཁ་རྐྱབ་བཅུག་ཡོདཔ་བཞིན་དུ་ ཨ་ལོ་ཚུ་གིས་ སྤ་རོ་ལུ་ གནམ་གྲུ་བལྟ་ནི་དང་ ཐིམ་ཕུག་ཤེ་རི་སི་ཀོ་ཡར་ནང་ རྩེདམོ་རྩེ་བར་འགྱོ་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ བདུན་ཕྲག་༢ ལས་བརྒལ་མེདཔ་ལས་ བརྒྱ་ཆ་༨༠ ཐོབ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ འཆར་སྣང་བྱུང་ཡོདཔ་ཨིན་རུང་ སློབ་ཕྲུག་༡༡ གིས་ བརྒྱ་ཆ་༨༠ ལས་ལྷག་སྟེ་ ཐོབ་ཡོདཔ་ཨིན་པས།
སློབ་ཕྲུག་དྲག་ཤོས་ཚུ་ ལྟ་སྐོར་ལུ་ ཁྱིད་ནིའི་དོན་ལུ་ གྲོགས་རམ་འཚོལ་ཡོདཔ་བཞིན་དུ་ འབྲུག་ལྟ་བཤལ་ཚོགས་སྡེའི་ འཛིན་སྐྱོང་གཙོ་འཛིན་འགོ་དཔོན་གྱིས་ སྡོད་ཁྱིམ་དང་ བཞེས་སྒོའི་གྲོགས་རམ་ ཐོབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༤ ལུ་ སློབ་ཕྲུག་༡༡ འབད་མི་ སྡེ་ཚན་དང་པ་དེ་ ཐིམ་ཕུག་དང་ སྤ་རོ་ལུ་ ལྟ་སྐོར་ནང་ ཁྱིད་ནུག།
དེ་ལས་ཚུར་ སློབ་ཕྲུག་མང་ཤོས་ཅིག་གིས་ དཔེ་ཆ་རྩ་འགེངས་ཏེ་བལྟ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ ལྟ་སྐོར་ལན་ཐེངས་༤ འགྱོཝ་ཨིན་པས།
མ་གཞི་ སློབ་རིམ་༩ པའི་སློབ་ཕྲུག་ བཀྲིས་ལྷ་མོ་དེ་ ཞབས་ཁྲ་འཐེན་ནི་ལུ་མ་གཏོགས་ དཔེ་ཆ་ལྷབ་ནི་ལུ་ སྤྲོ་བ་དེམ་ཅིག་ མི་འོང་པས་ཟེར་ དབུ་འཛིན་ལུ་ སླབ་ཡོད་རུང་ ཤུལ་ལས་ ཤེས་ཡོན་ལྟ་སྐོར་གྱིས་ དཔེ་ཆ་རྩ་འགེངས་ཏེ་ ལྷབ་ནི་ལུ་ སེམས་ཤུགས་བྱུངམ་ལས་ ཆོགས་རྒྱུགས་ནང་ སྐུགས་བརྒྱ་ཆ་༨༠ ཐོབ་མི་ལུ་བརྟེན་ ལྟ་སྐོར་ལུ་ འོང་ནི་གི་ གོ་སྐབས་ཐོབ་ནུག།
སློབ་ཕྲུག་གཞན་ རྟ་མགྲིན་དབང་ཕྱུག་གིས་ དུས་ཅིའི་ ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༨༥.༥ དང་ ན་ཧིང་ བརྒྱ་ཆ་༨༧ ཐོབ་མི་དེ་ དབུ་འཛིན་དང་ སློབ་དཔོན་ཚུ་གིས་ རྒྱབ་སྐྱོར་དང་ སེམས་ཤུགས་བསྐྱེད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ གལ་སྲིད་ ཁོ་ར་ སློབ་གྲྭ་ནང་ལས་ གནས་སོར་འགྱོ་བ་ཅིན་ ལམ་ལུགས་དེ་ མེདཔ་འགྱོ་ནིའི་ ཚ་གྱང་ཡོདཔ་ལས་ ལས་རིམ་དེ་གི་དོན་ལུ་ གྲོགས་རམ་བྱིན་མི་ བརྟན་ཏོག་ཏོ་ཅིག་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
སློབ་ཕྲུག་གི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ལས་རིམ་དེ་ ཡུན་བརྟན་སྦེ་ གནས་ཚུགས་ག་ཟེར་བའི་ ཚ་གྱང་ཡང་ ལང་དགོཔ་བྱུང་མས་ཟེར་ དབུ་འཛིན་གྱིས་ བཤད་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ སློབ་ཕྲུག་༢༩ དང་ ན་ཧིང་སློབ་ཕྲུག་༣༡ གིས་ ལྟ་སྐོར་འགྱོ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་དཔོན་གྱི་ འགན་ཁུར་དེ་ དཔེ་ཆ་སྟོན་ནི་རྐྱངམ་གཅིག་མེན་པར་ སློབ་ཕྲུག་ཚུ་གིས་ དཔེ་ཆ་བལྟ་ནི་ལུ་ སེམས་ཤུགས་བསྐྱེད་ནི་དེ་ ཁག་ཆེ་བའི་ཁར་ ཁོ་ར་ ཧཱ་རྫོང་ཁག་ རང་རྩེ་སློབ་གྲྭ་ནང་སྡོད་རུང་ སློབ་ཕྲུག་ཚུ་ ཐབས་ཤེས་སྣ་ཚོགས་བཏོན་ཐོག་ལས་ དཔེ་ཆ་བལྟ་བཅུག་ཅི་ཟེར་ཨིན་པས།
སློབ་རིམ་༨ པའི་སློབ་ཕྲུག་ པདྨ་བཟང་མོ་གིས་ སླབ་མིའི་ནང་ མོ་ར་ ཧེ་མ་ རྒྱལ་པོའི་ཞིང་ལུ་ སྡོད་པའི་སྐབས་ ཨ་རི་ཁ་སློབ་གྲྭ་ལས་འོང་མི་ ཆ་རོགས་ཚུ་གིས་ སློབ་གྲྭ་དེ་གི་ ལྟ་སྐོར་ལམ་ལུགས་སྐོར་ལས་ སླབ་པའི་སྐབས་ སློབ་གྲྭ་དེ་ནང་ དཔེ་ཆ་བལྟ་ནི་ལུ་ བསྒུགས་སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ ལོ་༡ གི་ཤུལ་ལས་ མོ་གི་ཨ་པ་ དར་ལ་ལུ་ གནས་སོར་ཕོག་པའི་སྐབས་ སློབ་གྲྭ་ནང་ དཔེ་ཆ་བལྟ་ནིའི་ གོ་སྐབས་ཐོབ་པའི་ཁར་ ཤེས་ཡོན་ལྟ་སྐོར་ནང་ འོང་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
ད་ལྟོ་ ཨ་རི་ཁ་འབྲིང་རིམ་སློབ་གྲྭའི་ནང་ སློབ་རིམ་༣ པ་ལས་༩ པ་ཚུན་ཚོད་ སློབ་ཕྲུག་༦༠༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *