ལྕང་འབངས་གྲུ་ལུ་ ཚོད་བསྲེ་ཁྲོམ་ བཟོ་སྐྲུན་འབད་བའི་བསྒང་།

ཤུལ་མའི་ཟླཝ་ནང་ ཐིམ་ཕུག་ལུ་ ཚོད་བསྲེ་ཁྲོམ་གསརཔ་༣ སྒོ་ཕྱེ་ནི།

ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་དེ་ གོ་ཡངས་དྲགས་བཟོ་ནིའི་དོན་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཚོད་བསྲེ་ཚོང་ཁྲོམ་ཚུ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི་ཨིན་པས།

ཚོད་བསྲེ་ཁྲོམ་གསརཔ་ཚུ་ཡང་ ཨོ་ལ་ཁ་དང་ ལྕང་འབངས་གྲུ་ ཧེ་ཇོ་བསམ་གཏན་གླིང་གི་ ས་ཁོངས་ཚུ་ནང་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།

ཚོད་བསྲེ་ཁྲོམ་རེ་ནང་ ཚོད་བསྲེ་བཙོང་མི་ཚོང་པ་༡༥ ལས་༢༠ གི་བར་ན་ ཤོང་ནི་ཨིནམ་མ་ཚད་ ཤ་ཁང་༥ དེ་ཅིག་ཡང་ ཤོང་ཚུགས་ནི་ཨིན་པས།

ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་དེ་ནང་ ས་གནས་ག་ཏེ་གི་ མི་ཚུ་ཡང་ ཚོད་བསྲེ་ཉོ་བར་འོང་དོ་ཡོདཔ་ལས་ ཚོད་བསྲེ་ཁྲོམ་ཚུ་ ཁོང་རའི་ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་བ་ཅིན་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ མི་དེམ་ཅིག་ར་ མི་འོང་ནི་མས་ཟེར་ཨིན་པས།

ཚོད་བསྲེ་ཁྲོམ་གསརཔ་ བཟོ་སྐྲུན་འབད་མི་དེ་གིས་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་མི་འཐོན་ནི་ཨིནམ་མ་ཚད་ སྣུམ་འཁོར་བཞག་སའི་ ས་ཁོངས་མེད་པའི་ དཀའ་ངལ་ཚུ་ཡང་ བསལ་ཚུགས་ནི་མས་ཟེར་ཨིན་པས།

ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་བཟུམ་སྦེ་ ཚོད་བསྲེ་ཁྲོམ་གསརཔ་ཚུ་ཡང་ འཐུས་བསྡུ་ལེན་འབད་ནི་ཡོདཔ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།

ཁྲོམ་སྡེ་གིས་ ད་ལྟོ་འཐུས་ག་དེམ་ཅིག་ བསྡུ་ནི་ཨིན་ན་ གཏན་འཁེལ་བཟོ་སྟེ་མེད་རུང་ ག་དེམ་ཅིག་ སླབ་ནི་ཨིན་ན་ ལྟ་ཞིནམ་ལས་ འཕྲལ་མགྱོགས་ར་ གཏན་འཁེལ་བཟོ་འོང་ཟེར་ ཁྲོམ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།

ཚོད་བསྲེ་ཁྲོམ་གསརཔ་དེ་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ ཚོད་བསྲེ་བཙོང་མི་ཚོང་པ་ཚུ་ ཁྲོམ་དེ་ནང་ སྤོ་བཤུད་འབད་དགོཔ་ཨིནམ་ད་ ད་ལྟོ་ཨོ་ལ་ཁ་ལུ་ ཚོད་བསྲེ་བཙོང་སའི་ ས་ཁོངས་དེ་ སྒེར་གྱི་ས་ཆ་ཨིན་པས།

ད་ལྟོ་ སྒེར་གྱི་སྒྲིང་ཁྱིམ་ཚུ་ནང་ཡོད་མི་ ཤ་ཁང་ཚུ་ཡང་ ཚོད་བསྲེ་ཁྲོམ་གསརཔ་ནང་ སྤོ་བཤུད་འབད་བཅུག་ནི་ཨིནམ་ད་ སྒེར་གྱི་སྒྲིང་ཁྱིམ་ཚུ་ནང་ ཤ་ཁང་མ་བཞག་པར་ ཚོད་བསྲེ་ཁྲོམ་ནང་ སྤོ་བཤུད་འབད་བཅུག་དགོཔ་སྦེ་ ཐབས་ཤེས་བཏོན་དགོ་མི་དེ་ཡང་ གཙང་སྦྲ་དང་ལྡན་ཏོག་ཏོ་ མེད་ནི་དེ་གི་ཨིན་པས།

ཤ་ཁང་གི་ གནས་སྟངས་ལེགས་བཅོས་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ རླུང་འཁོར་གྱི་ མཐུན་རྐྱེན་ཚུ་ བཙུགས་ནི་ཨིན་པས།

ཁྲོམ་དཔོན་གྱིས་འབད་བ་ཅིན་ ཁྲོམ་གསརཔ་དེ་ནང་ ཤ་ཁང་༥ ལས་མེད་ནི་དེ་གིས་ ཤ་ཁང་གི་ཇོ་བདག་ཚུ་ ཁ་རྗེའི་རྒྱན་ཤོག་འཐུ་བཅུག་ནི་ཟེར་ཨིན་པས།

གཞན་མི་ཚུ་ ཧེ་མ་ཡོད་སའི་ས་ཁོངས་ནང་ བཞག་ནི་མ་གཏོགས་ ཐབས་ཤེས་གཞན་མེད་དེ་འབད་རུང་ ཤུལ་མམ་གི་ འཆར་གཞི་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་ ཚོད་བསྲེ་ཁྲོམ་གསརཔ་དེ་ནང་ དུས་ཅི་སྤྱི་ཟླ་༧ པ་དང་༨ པའི་ནང་ སྤོ་བཤུད་འབད་ནི་ཨིན་པས།

ཨོ་ལ་ཁ་ལུ་ ཚོད་བསྲེ་བཙོང་སྡོད་མི་ ཟླ་བ་བཟང་མོ་གིས་ ཚོད་བསྲེ་དང་ ཨོམ་གྱི་ཐོན་སྐྱེད་ཚུ་བཙོང་སྟེ་ ལོ་༣ དེ་ཅིག་ལང་ཡོདཔ་ད་ མོ་གིས་འབད་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ལུ་ མི་ཚུ་གིས་ ལམ་བདའ་སྟེ་ ཚོད་བསྲེ་བཙོང་པར་འོང་མི་དེ་གིས་ ཁོང་གི་ཚོང་སྒྱུར་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

ཚོད་བསྲེ་ཁྲོམ་གསརཔ་བཟོ་སྐྲུན་འབད་མི་དེ་གིས་ ཁྲིམས་འགལ་ཐོག་ལས་ ཚོད་བསྲེ་བཙོང་མི་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།

ཚོད་བསྲེ་ཁྲོམ་དེ་ནང་ ཚོད་བསྲེ་མ་གཏོགས་ གཞན་མི་ཚུ་ བཙོང་མ་བཅུག་པ་ཅིན་ མོ་གིས་ ཚོང་གཞན་མི་ཚུ་ བཙོང་ནི་གི་ གོ་སྐབས་མི་འཐོབ་ནི་མས་ཟེར་ ཚ་གྱང་ལང་སྟེ་འདུག།

ཁྲོམ་སྡེ་གིས་ བར་སྦིས་ས་དང་ རྟ་བབ་ལུ་ཡང་ ཚོད་བསྲེ་ཁྲོམ་བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *