སོ་ནམ་པ་ཚུ་གིས་ ཤིང་འབྲས་སྣ་ཚོགས་ཀྱི་ གུ་རམ་དང་ ཁ་ཟས་མ་འདྲཝ་ཚུ་ བཟོ་ནིའི་སྦྱོང་བརྡར་ འབད་བའི་བསྒང་།

ཤིང་འབྲས་སྣ་ཚོགས་ཀྱི་ གུ་རམ་དང་ ཁ་ཟས་མ་འདྲཝ་ཚུ་ བཟོ་ནིའི་སྦྱོང་བརྡར།

ད་ལས་ཕར་ སོ་ནམ་པ་ཚུ་གིས་ ཤིང་འབྲས་སྣ་ཚོགས་ལུ་བརྟེན་པའི་ གུ་རམ་མ་འདྲཝ་ཚུ་བཟོ་སྟེ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ནི་ཨིནམ་ལས་ གྲོང་གསེབ་གཡུས་ཚན་ཚུ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཚུགས་པའི་ཁར་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ བཟོ་ཚུགས་ནི་ཨིན་པས།

དེ་ཡང་ མོང་སྒར་གླིང་མི་ཐང་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ཞིབ་འཚོལ་ལྟེ་བའི་ སྦྱོང་བརྡར་ཁང་ནང་སྦེ་ སྤྱི་ཟླ་༡༠ པའི་ཚེས་༥ ལས་འགོ་བཙུགས་ ད་རིས་ཚུན་ ཉིན་གྲངས་༣ གྱི་རིང་ རྫོང་ཁག་༡༢ ལས་ སོ་ནམ་པ་༣༡ ལུ་ ཤིང་འབྲས་སྣ་ཚོགས་ལུ་བརྟེན་པའི་ གུ་རམ་མ་འདྲཝ་ཚུ་ བཟོ་ནིའི་སྦྱོང་བརྡར་ འགོ་འདྲེན་འཐབ་མི་ལུ་བརྟེན་ཨིན་པས།

རྒྱལ་བཙུན་ལས་འགུལ་ཡིག་ཚང་ལས་ གཟིམ་དཔོན་འོགམ་ བཀྲིས་ཀྱིས་ སླབ་མིའི་ནང་ རྒེད་འོག་རེ་ལས་ ཐོན་སྐྱེད་རེ་བཏོན་དགོ་པའི་ དམིགས་ཡུལ་ཐོག་ མི་སེར་ཚུ་གིས་ སོ་ནམ་ཐོན་སྐྱེད་ཚུ་ ཡར་སེང་འབད་དེ་ འོང་འབབ་ཡར་དྲག་གཏང་ནི་ཨིནམ་ལས་ མི་དབང་རྒྱལ་བཙུན་མཆོག་གིས་ བཀའ་གནང་མི་དང་འཁྲིལ་ ཕྱག་ཞུ་དོ་ཟེར་ཨིན་པས།

མི་སེར་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ གང་མང་བཏོན་རུང་ སྤུས་ཚད་དང་ལྡནམ་སྦེ་ མེད་མི་དེ་ཡང་ གཙོ་བོ་ར་ སྦྱོང་བརྡར་མེད་པའི་ཁར་ ལྟ་བྱ་དང་མཐོང་བྱ་མེད་པའི་ དཀའ་ངལ་ཅིག་ཨིན་མས་ཟེར་ཨིན་པས།

རྒྱུ་མཚན་འདི་ལུ་བརྟེན་ ད་ཚུན་གྱི་བར་ན་ མི་སེར་ཚུ་ལུ་ སྦྱོང་བརྡར་ཐེངས་༢ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཤིང་འབྲས་ཀྱི་རིགས་ཚུ་ལུ་བརྟེན་ གུ་རམ་མ་འདྲཝ་ཚུ་ ག་དེ་སྦེ་ བཟོ་ནི་ཨིན་ན་དང་ སྤུས་ཚད་དང་ལྡན་པའི་ཁར་ ཡུན་བརྟན་གནས་ཚུགསཔ་ དེ་ལས་ གཙང་སྦྲ་དང་ལྡནམ་སྦེ་ བཟོ་ཐངས་ཀྱི་ སྦྱོང་བརྡར་བྱིནམ་ཨིན་ཟེར་ཨིན་པས།

སྦྱོང་བརྡར་གྱི་ དམིགས་ཡུལ་གཞན་མི་དེ་ཡང་ སྤུས་ཚད་དང་ལྡན་པའི་ གུ་རམ་ཚུ་ བཟོ་ཐོག་ལས་ ནང་འཁོད་དང་ ཕྱི་ཁར་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་ནི་ མི་སྡེ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནི་ དེ་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤེལ་ནི་ཚུ་ཨིན་པས།

གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ལས་ བཅའ་མར་གཏོགས་མི་ འཆི་མེད་སྒྲོལ་མ་གིས་ སླབ་མིའི་ནང་ མོ་གིས་ དགེ་ལེགས་ཕུག་ཁྲོམ་ནང་སྦེ་ ཤར་ཕྱོགས་ཨམ་སྲུ་སྡེ་ཚན་གཞི་བཙུགས་འབད་ཡོད་མི་དེ་གིས་ ཤིང་འབྲས་སྣ་ཚོགས་ཀྱི་ གུ་རམ་ཚུ་ བཟོ་སྟེ་ བཙོང་དོ་ཡོད་པའི་ཁར་ ཆུམ་ལུ་བརྟེན་ ཁ་ཟས་ཚུ་ཡང་ བཟོ་ནི་ཡོད་ཟེར་ཨིན་པས།

མོ་གི་སྡེ་ཚན་ནང་ འཐུས་མི་ཨམ་སྲུ་༣༠ ཡོད་མི་ལས་ གཏན་འཇགས་སྦེ་ ལཱ་འབད་མི་ཨམ་སྲུ་༡༥ ཡོད་ཟེར་ཨིནམ་ད་ ད་ཚུན་ ཤིང་འབྲས་ཀྱི་གུ་རམ་དང་ ཆུམ་གྱི་ཁ་ཟས་ཚུ་ བཟོ་ཡོད་རུང་ སྤུས་ཚད་དང་ལྡནམ་སྦེ་ བཟོ་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ཀྱི་ སྦྱོང་བརྡར་འདི་ནང་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཡི་ཟེར་ཨིན་པས།

རྒྱལ་བཙུན་ལས་འགུལ་དེ་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོར་བརྡར་བྱིན་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡང་ ཤེས་ཡོན་ལྟ་སྐོར་སོང་ཡོདཔ་ལས་ གུ་རམ་མ་འདྲཝ་དང་ ཁ་ཟས་ཀྱི་རིགས་ཚུ་ བཟོ་ཐངས་ཀྱི་སྐོར་ལས་ ཧ་གོ་ཡོདཔ་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤེལ་ཚུགས་ཏེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་ ཁྲི་དྭངས་སྦིས་གཡུས་ཚན་ལས་ སོ་ནམ་ཐོན་སྐྱེད་ཚོགས་པ་ གཞི་བཙུགས་འབད་མི་ སྐྱེས་ལོ་༤༨ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཤིང་འབྲས་ལུ་བརྟེན་ མངར་ཆུ་དང་ གུ་རམ་ ཁ་རང་ དེ་ལས་ སྲིབ་ཚུ་བཟོ་སྟེ་ བཙོང་དོ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ རྒྱལ་བཙུན་ལས་འགུལ་ལུ་བརྟེན་ གུ་རམ་མ་འདྲཝ་དང་ ཁ་ཟས་ཀྱི་རིགས་ཚུ་ བཟོ་མ་ཚུགས་པའི་དཀའ་ངལ་མ་གཏོགས་ བཙོང་མ་ཚུགས་པའི་དཀའ་ངལ་ ག་ནི་ཡང་མེདཔ་ལས་ ད་ལས་ཕར་ སྤུས་ཚད་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།

རྩི་རང་རྫོང་ཁག་ལས་ སྐྱེས་ལོ་༢༣ ལང་མི་ བི་ཀཱཤ་ རའེ་གིས་ སླབ་མིའི་ནང་ ཤིང་འབྲས་ལུ་བརྟེན་ གུ་རམ་མ་འདྲཝ་ཚུ་ ག་དེ་སྦེ་ བཟོ་དོ་ཡོདཔ་ཨིན་ན་ སྦྱང་བ་འབད་ཞིནམ་ལས་ དེ་བཟུམ་གྱི་ལས་འགུལ་ རྒེད་འོག་ནང་ གཞི་བཙུགས་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཁོ་གི་རྒེད་འོག་ནང་ ཤིང་འབྲས་ཀྱི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོན་དོ་ཡོདཔ་ཨིན་རུང་ ནོར་ལུ་བྱིན་ནི་མ་གཏོགས་ འོང་འབབ་ཀྱི་དོན་ལུ་ བཟོ་བཟོཝ་མིན་འདུག་ཟེར་ ཨིན་པས།

སྦྱོང་བརྡར་བྱིན་མི་ གླིང་མི་ཐང་ བཟའ་སྤྱོད་ཟས་སྦྱོར་ལྟེ་བ་ལས་ འཛིན་སྐྱོང་པ་ ཀུན་ལེགས་དབང་མོ་གིས་ སླབ་མིའི་ནང་ ཤིང་འབྲས་ཚུ་ སེལ་ནི་དང་ བཏོག་ནི་ ཆུ་འཁྱུ་ནི་ གུ་རམ་དང་སླ་བསྲེ་ནི་ དེ་ལས་ ཟས་སྦྱོར་བླུག་ཐང་དང་ སྐམ་ཐངས་ཚུ་གི་སྐོར་ལས་ གོ་རིམ་བཞིན་དུ་སྦེ་ བཏོན་བྱིན་ཡི་ཟེར་ཨིན་པས།

རྒྱལ་བཙུན་ལས་འགུལ་ གཞི་བཙུགས་འབད་བའི་ཤུལ་ལུ་ སོ་ནམ་པ་༩༣ ལུ་ སྦྱོང་བརྡར་ཁག་མ་འདྲཝ་ཚུ་ བྱིན་ཡོདཔ་ད་ རྒེད་འོག་རེ་ལས་ ཐོན་སྐྱེད་རེ་ བཏོན་དགོཔ་ཡོད་མི་དང་བསྟུན་ ད་ལྟོ་ཚུན་ རྒེད་འོག་༡༢༠ གིས་ རང་སོའི་ཐོན་སྐྱེད་ཚུ་ བཏོན་ནུག།

དེ་མ་ཚད་ སོ་ནམ་པ་༡༡ ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་ལྟ་སྐོར་གྱི་གོ་སྐབས་ བྱིན་ཡོདཔ་བཞིན་དུ་ ཁོང་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་ བཟོ་ཚུགས་ཡོདཔ་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ ཆུ་ཁ་ དར་དཀར་ནང་ རྩི་རང་ བསམ་རྩེ་ ཀྲོང་གསར་ གཞལམ་སྒང་ པདྨ་དགའ་ཚལ་ བཀྲིས་གཡང་རྩེ་ བཀྲིས་སྒང་ ལྷུན་རྩེ་ དེ་ལས་ མོང་སྒར་རྫོང་ཁག་ལས་ ཕོ་སྐྱེས་དང་ ཨམ་སྲུ་བསྡོམས་༣༡ གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *