ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན།

ཤིང་མཁར་-སྒོར་གཱན་ལམ་གྱི་དོན་ལུ་ མཐའ་འཁོར་གནས་སྟངས་ཀྱི་གནང་བ་ལུ་ བསྒུག་དོ་ཡོདཔ།

༉ འདས་པའི་ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་གི་རིང་ གྲོས་བསྡུར་གནང་པའི་ཤུལ་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སྐོར་ ནན་བསྐྱར་དུ་ ལོ་རྒྱུས་ཐོན་ཡི།
དེ་ཡང་ བུམ་ཐང་ཆུད་སྨད་-ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ ཕྲང་ལམ་དེ་གི་ གནས་སྟངས་སྐོར་ དུས་མཐུན་གྱི་ གསལ་བཤད་གནང་དགོཔ་སྦེ་ དྲི་བ་ཞུ་འི།
ཁོ་གིས་འབད་བ་ཅིན་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༧ པའི་ནང་ གནད་དོན་དེའི་སྐོར་ལས་ དྲི་བ་བཀོད་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ལམ་སེལ་ནི་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ནང་ ཤིང་མཁར་དང་ སྒོར་གཱན་༢ ས་བཅད་ཀྱི་ ལཱ་འབད་ཚར་ཞིནམ་ལས་ མཐུད་སྦྲེལ་འབད་ཚུགས་ཟེར་ ཚོགས་ཁང་ནང་ ཞུ་ཡི་ཟེར་ཨིན་པས།
དེ་མ་ཚད་ ཚོགས་ཐེངས་༩ པའི་ནང་ཡང་ གསུང་གྲོས་གནངམ་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ ལམ་སེལ་ནིའི་དོན་ལུ་ འཕྲུལ་ཆས་དང་ མ་དངུལ་ལངམ་སྦེ་ ཡོད་མི་ལུ་བརྟེན་ ལམ་སེལ་ནི་ འགོ་བཙུགས་ཡོདཔ་སྦེ་ ཞུ་ཡི་ཟེར་ཨིན་པས།
ཨིན་རུང་ མི་སེར་ཚུ་ལུ་ ཡིད་ཆེས་དང་ བློ་གཏད་མེདཔ་ སོང་ཡོདཔ་ལས་ རྒྱང་མཐོང་ནང་ ལམ་དེ་གི་སྐོར་ལས་ གསུང་གྲོས་གནང་ཚད་གཅིགཔོ་ ཤོབ་ཨིན་མས་ཟེར་ ང་བཅས་ལུ་ དྲི་བ་བཀོད་བཞིན་དུ་ཡོདཔ་ལས་ ད་རེས་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་དེ་ གནས་ཚད་ག་དེམ་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན་ན་ཟེར་ འཐུས་མི་ཚེ་དབང་འགྱུར་མེད་ཀྱིས་ ཞབས་ཏོག་ལུ་ བློན་པོ་ལུ་ དྲི་ཞུ་ཡི།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ འཁོར་ལམ་སེལ་ནིའི་ གསུང་གྲོས་དེ་ སྤྱི་ལོ་༡༩༩༧ ལས་ར་ འགོ་བཙུགས་ཡོད་རུང་ ད་ཚུན་གྱི་བར་ན་ གྲུབ་འབྲས་བཏོན་མ་ཚུགས་མི་དེ་ཡང་ རང་བཞིན་གནས་སྟངས་དང་ ནགས་ཚལ་བཅའ་ཁྲིམས་ཚུ་ལུ་བརྟེན་ཏེ་ཨིན་རུང་ གཞུང་གི་ཧོངས་ལས་ ལམ་སེལ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་ཡི་ཟེར་ཨིན་པས།
མོ་གིས་ ཞུ་མིའི་ནང་ ཤིང་མཁར་-སྒོར་གཱན་གྱི་ཕྲང་ལམ་ ཀི་ལོ་མི་ཊར་༢༠ དེ་ཅིག་ འཁོར་ལམ་རྙིངམ་ཨིནམ་ད་ འཁོར་ལམ་གསརཔ་ ཀི་ལོ་མི་ཊར༌༣༦ སེལ་དགོཔ་ཡོད་མི་ལས་ ཀི་ལོ་མི་ཊར་༡༨ དེ་ ཁྲུམ་ཤིང་ལ་གླིང་ཁ་གཙོ་ཅན་ནང་ ཚུད་དེ་ཡོདཔ་ལས་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་གནང་བ་འཁྲིལ་ཏེ་ འབད་དགོ་པས་ཟེར་ ཞུ་ཡི།
འཁོར་ལམ་སེལ་ནི་ལུ་ སྟབས་མ་བདེཝ་སྦོམ་ཤོས་དེ་ར་ ནགས་ཚལ་ལྷན་ཁག་ལས་ ནགས་ཚལ་གྱི་ ཉོགས་མེད་གནང་བ་ མ་ཐོབ་མི་ལུ་བརྟེན་ཨིནམ་ད་ ཞབས་ཏོག་བློན་པོ་གིས་ ཞུ་མིའི་ནང་ ནགས་ཚལ་དང་ སོ་ནམ་ལྷན་ཁག་ དེ་ལས་ གླིང་ཁ་འཛིན་སྐྱོང་པ་ཚུ་དང་ གསུང་གྲོས་མང་རབས་ཅིག་ གནང་ཡི་ཟེར་ཨིན་པས།
དེ་མ་ཚད་ ས་ཁོངས་ཚུ་ནང་ཡང་སོང་སྟེ་ བརྟག་ཞིབ་དང་འབྲེལ་བའི་ ལཱ་འབད་བའི་ཤུལ་ལས་ བརྟག་ཞིབ་ལེགས་ཤོམ་སྦེ་ འབད་དགོ་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ བུམ་ཐང་ལུ་ཡོད་མི་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ ཉམས་སྲུང་ཞིབ་འཚོལ་སྤེལ་ཁང་ལུ་ རང་དབང་ཐོག་ལས་ ཞིབ་འཚོལ་འབད་བཅུག་ཅི་ཟེར་ཨིན་པས།

འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ ཞུ་བ་འབད་བའི་བསྒང་།

སྤེལ་ཁང་གིས་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་ཁྱིད་དེ་ ས་ཁོངས་ནང་ ཞིབ་འཚོལ་འབད་བའི་སྐབས་ གླིང་ཁ་ལྟེ་བ་མེན་པའི་ མངོན་གསལ་བྱུང་མི་དེ་ཡང་ ས་ཁོངས་དེ་ནང་ ཧེ་མ་ལས་ མི་ལམ་དང་ སྒོ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་ཡོད་པའི་ རྟགས་མཚན་ཅིག་ཡོདཔ་ལས་ སྣ་མང་ལག་ལེན་ས་ཁོངས་ཅིག་ཨིནམ་སྦེ་ སྙན་ཞུ་འབད་ནུག་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་ཡི།
མོ་གིས་འབད་བ་ཅིན་ སྙན་ཞུ་དེ་ལུ་ གཞི་བཞག་སྟེ་ ནགས་ཚལ་ལས་ཁུངས་ལས་ ནགས་ཚལ་ཉོགས་མེད་གནང་བ་དེ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ ཐོབ་པའི་ཤུལ་ལས་ མཐའ་འཁོར་གནས་སྟངས་ཉོགས་མེད་གནང་བའི་དོན་ལུ་ ནགས་ཚལ་ཉོགས་མེད་གནང་བ་དང་ རང་བཞིན་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་དེ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལུ་ ཕུལ་ཡི་ཟེར་ཨིན་པས།
ཨིན་རུང་ ལྷན་ཚོགས་ཀྱིས་ རང་བཞིན་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༢ ཀྱི་ ཨིན་པའི་ཁར་ སྙན་ཞུ་དེ་ རྙིངམ་ཐལ་སོང་ནུག་ཟེར་ སླབ་ཡོདཔ་མ་ཚད་ བརྟག་ཞིབ་འབདཝ་ད་ ས་ཁོངས་ནང་སོང་སྟེ་ ལེགས་ཤོམ་སྦེ་ མ་འབད་མི་ལུ་བརྟེན་ བརྟག་ཞིབ་ལོག་འབད་དགོཔ་སྦེ་ ལྷན་ཚོགས་ལས་ བཀའ་རྒྱ་ལྷོད་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལྟོ་ ཞབས་ཏོག་ལྷན་ཁག་གིས་ རང་བཞིན་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་ ལོག་འབད་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་ཡོདཔ་ད་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་དེ་ ཤར་ནུབ་གཞུང་ལམ་ རྒྱ་སྐྱེད་འབད་མི་གི་ ཡན་ལག་ཅིག་ཨིན་པས།
ལྷན་ཁག་གིས་ མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༡ དང་༢༠༡༢ དེ་ཅིག་ཁར་ བཟོ་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ བསྐྱར་ཞིབ་དང་ དུས་མཐུན་མ་འབད་བར་ཡོདཔ་ཨིན་པས།
ཧེ་མར་ ཀུན་གསལ་གྱིས་ ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ ཞབས་ཏོག་དྲུང་ཆེན་ བཙན་སྐྱོགས་ནོར་བུ་དང་ དྲི་བ་དྲི་ལན་སྐབས་ བརྟག་ཞིབ་སྙན་ཞུའི་ ཡིག་ཆ་དེ་ བསྐྱར་ཞིབ་འབད་བ་ཅིན་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སེལ་ནིའི་སྐོར་ ཁ་གསལ་བརྟག་ཞིབ་འབད་དགོཔ་འོང་ཟེར་ བཤད་ཡོདཔ་ད་ དཔེར་ན་ ཕྲང་ལམ་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༠༠༠ དེ་ཅིག་གི་ ས་ཁ་ལས་ སེལ་དགོཔ་མ་ཚད་ སའི་ཆགས་ཚུལ་དང་ ཁྱད་རྣམ་ཚུ་ གྱེན་སྦེ་ཡོད་རུང་ སྙན་ཞུ་ནང་ དེའི་སྐོར་ལས་ བཀོད་དེ་མིན་འདུག་ཟེར་བཤད་ཡོད།
སའི་ཆགས་ཚུལ་གྱི་ གནས་སྡུད་ནང་ ཁ་གསལ་མེད་པའི་ཁར་ སྙན་ཞུ་དེ་ནང་ བོད་པ་ལ་ཐང་གི་ གནས་སྡུད་ཚུ་ ལག་ལེན་འཐབ་ཡོདཔ་ད་ བོད་པ་ལ་ཐང་དེ་ རྒྱ་མཚོའི་གནས་ཚད་ལས་ ཐོག་ཚད་མི་ཊར་༢,༠༠༠ དེ་ཅིག་ཡོདཔ་ལས་ ཤིང་མཁར་དང་ དོ་མཉམ་འབད་མི་བཏུབ་འོང་ཟེར་ བཙན་སྐྱོགས་ནོར་བུ་གིས་བཤད་ཡོད།
ལྷན་ཚོགས་ཀྱིས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ག་ཅི་ལུ་བརྟེན་ མ་བྱིནམ་ཨིན་ན་ ཞབས་ཏོག་ལྷན་ཁག་ལུ་ ཡི་གུ་ཅིག་ཡང་ བཏང་ཡོདཔ་བཞིན་དུ་ སྙན་ཞུའི་ནང་ ཁ་གསལ་ཚངམ་སྦེ་མེདཔ་ལས་ བསྐྱར་ཞིབ་འབད་མ་ཚུགས་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
གནད་དོན་དེ་ ན་ཧིང་ ལྷུན་རྩེ་རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་ གཞུང་སྐྱོང་གི་ གནས་ཡུན་མ་ཚངམ་ལས་ ཕྲང་ལམ་སེལ་ནིའི་ ལཱ་འགོ་བཙུགས་དགོཔ་སྦེ་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *