ཁ་ཙ་ཉིན་མར་ ས་བརྐོ་འཕྲུལ་ཆས་ཀྱིས་ མེ་རྐྱེན་བྱུང་སའི་ ས་ཁོངས་ཚུ་ སེལ་བའི་བསྒང་།

ཤིང་དྲ་ཁང་གི་ མེ་རྐྱེན་ལུ་བརྟེན་ མི་༣༥ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢.༣༠ དེ་ཅིག་ཁར་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ མེ་རྐྱེན་བྱུང་མི་དེ་གིས་ ཀེ་ཌི་ཤིང་དྲ་ཁང་གི་ ནང་ཆས་བཟོ་ཁང་༤ དང་ གནས་སྐབས་ཀྱི་ སྦ་སྒོར་༩ དེ་ལས་ མཛོད་ཁང་ཅིག་ འཚིགས་སོ་ནུག།
གནས་སྐབས་ཀྱི་ སྦ་སྒོར་ནང་སྡོད་མི་ བཟའ་ཚང་༨ ཀྱི་ རྒྱུ་ཆས་ག་ར་ མེ་གིས་ འཚིགས་ཡོདཔ་མ་ཚད་ མེ་རྐྱེན་ལས་ སྲོག་སྐྱབ་འབད་ནིའི་ དཔའ་བཅམ་པའི་སྐབས་ སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་ཅིག་ལུ་ཡང་ ལགཔ་གུ་རྨ་སྐྱོན་ དུམ་གྲ་ཅིག་ བྱུང་ཡོདཔ་ཨིན་པས།
མེ་བསད་སྡེ་ཚན་ལུ་ ཁྲིམས་སྲུང་འགག་སྡེ་གིས་ དྲོ་པའི་ཆུ་ཚོད་༢.༤༣ དེ་ཅིག་ཁར་ བརྡ་སླབ་ཡོདཔ་ད་ ས་གོ་དེ་ནང་ མེ་བསད་སྣུམ་འཁོར་༩ དེ་ཅིག་ ཆུ་ཚོད་༢༤ གི་རིང་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་སའི་ ས་ཁོངས་ནང་ ཤིང་ཆས་ཀྱི་ ཕྱེ་ཡོད་མི་ལུ་བརྟེན་ མེ་བསད་ནི་ལུ་ དུས་ཡུན་རིངམོ་སྦེ་ འགོར་ཡོདཔ་མ་ཚད་ མི་བསད་སྡེ་ཚན་དེ་ ས་གོ་དེ་ནང་ ལྷོད་པའི་སྐབས་ མེ་ཤུགས་སྦེ་ར་ འབར་སྡོད་ནུག་ཟེར་ མེ་བསད་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མེ་རྐྱེན་གྱི་སྐོར་ལས་ དེ་འཕྲོ་ལས་ སྙན་ཞུ་འབད་བ་ཅིན་ ཅ་ཆས་ལ་ལོ་ཅིག་ ཉེན་སྐྱོབ་འབད་ཚུགས་ཚུགསཔ་ འོང་ཟེར་ཨིནམ་ད་ མེ་རྐྱེན་དེ་ཡང་ གནས་སྐབས་ཀྱི་ ནང་ཆས་ཁང་ཚན་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
འཕྲུལ་ཆས་ལག་ལེན་པ་དང་ ལས་བྱེདཔ་ཚུ་ལུ་ ཕྱི་ཁར་མེ་འཕུ་ནི་ལས་ འཛེམ་དགོ་པའི་སྐོར་ལས་ ཚར་ལེ་ཤ་ཅིག་ར་ སླབ་པའི་ཁར་ མེ་འཕུ་བའི་སྐབས་ ཉེན་སྲུང་ཐབས་ལམ་ཚུ་ཡང་ བཏོན་དགོཔ་སྦེ་ སླབ་ཅི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མེ་རྐྱེན་དེ་གིས་ མི་༣༥ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ་ད་ ཁྲོམ་སྡེ་དང་ ཁས་བླངས་པ་ཚུ་གིས་ ཉམས་རྒུདཔ་བྱུང་མི་ཚུ་ལུ་ མལ་ཆ་དང་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ གྲོགས་རམ་འབད་ཡོདཔ་མ་ཚད་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ ཉམས་རྒུད་བྱུང་མི་ བཟའ་ཚང་ཚུ་ལུ་ སེམས་གསོ་དངུལ་ཀྲམ་༡༠,༠༠ རེ་ བྱིན་ཡོདཔ་ཨིན་པས།
མེ་རྐྱེན་དེ་གིས་ དངུལ་ཀྲམ་ས་ཡ་༡.༣ གནས་པའི་ རྒྱུ་དངོས་དང་ དངུལ་ཀྲམ་ས་ཡ་༤ གནས་པའི་ འཕྲུལ་ཆས་དང་ ནང་ཆས་ཚུ་ འཚིགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *