ནད་ཡམས་ཀོ་བིཌ་-༡༩ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་ཕོག་མི་ལུ་བརྟེན་ ཤིང་དྲ་ཁང་ཚུ་ལུ་ཡང་ འབྱེམ་ཕོག་ཡོདཔ་ཨིན་པས།

ཤིང་དྲ་ཁང་གི་ ཇོ་བདག་ཚུ་ གཅིག་སྒྲིལ་ཤིང་བཟོ་གྲྭ་ཁང་སྦེ་ བཟོ་ནི་ལུ་ ཚ་གྱང་ལང་ཡོདཔ།

༉ ལོ་༢ ཀྱི་ནང་འཁོད་ འབྲུག་ལུ་ ཤིང་ལུ་བརྟེན་པའི་ བཟོ་གྲྭ་ཁང་ཚུ་ལས་ སྤུས་ཚད་ལྡན་པའི་ ཐོན་སྐྱེད་འབད་ཐབས་ལུ་ གཅིག་སྒྲིལ་ཤིང་བཟོ་གྲྭ་ཁང་ལུ་ ཡར་སེང་འབད་དགོཔ་སྦེ་ གཞུང་གིས་ འཛིན་སྐྱོང་བཀའ་རྒྱ་བཏོན་མི་དེ་ལུ་ ཤིང་དྲ་ཁང་གི་ ཇོ་བདག་མང་ཤོས་ཅིག་ར་ མགུ་འཐོམ་སྟེ་ཡོདཔ་ཨིན་པས། 

ཇོ་བདག་ཚུ་གིས་འབད་བ་ཅིན་ འཛིན་སྐྱོང་བཀའ་རྒྱ་ལུ་བརྟེན་ ཁོང་ཆ་ཁྱབ་ཚ་གྱང་ལང་ཡོདཔ་ལས་ གཞུང་གིས་ དོགས་སེལ་གནང་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

ཁོང་གིས་ སླབ་མིའི་ནང་ ཤིང་ལུ་བརྟེན་པའི་ ཐོན་སྐྱེད་ཚུ་ ནང་འདྲེན་འབད་ནི་དེ་ རྩ་བ་ལས་ར་ བཀག་དམ་མ་འབད་བ་ཅིན་ གཅིག་སྒྲིལ་ཤིང་བཟོ་གྲྭ་ཁང་ལུ་ བསྒྱུར་བཅོས་འབད་ནི་དེ་ ཁུངས་མི་འོང་ཟེར་ཨིན་པས།

ཐིམ་ཕུག་བར་སྦིས་ས་ བསོད་ནམས་ཤིང་དྲ་ཁང་གི་ འཛིན་སྐྱོང་པ་ མ་དཱན་ཀུ་མར་རའེ་གིས་ གཞུང་ལས་ བཀའ་རྒྱ་མ་ལྷོད་པའི་ཧེ་མར་ སྤུས་ཚད་བཏོན་བཏུབ་པའི་ འཕྲུལ་ཆས་གསརཔ་༢ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ སྐྱེད་ཉུང་བའི་ སྐྱིན་འགྲུལ་འཐོབ་པ་ཅིན་ ད་རུང་ འཕྲུལ་ཆས་གསརཔ་༢ ཉོ་ནིའི་འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པས། 

རམ་ཏོག་ཏོ་ལུ་ ཕུརཔ་རྒྱལ་ཤིང་དྲ་ཁང་གི་ ཇོ་བདག་ཇོ་ཤཱུན་གྱིས་ སླབ་མིའི་ནང་ གཞུང་གིས་ འཕྲུལ་ཆས་གསརཔ་མཁོ་སྒྲུབ་འབད་ནིའི་དོན་ལུ་ སྐྱིན་འགྲུལ་དང་ དུས་ཚོད་ཁར་ ཤིང་ཚུ་བྱིན་པ་ཅིན་ སྤུས་ཚད་ཅན་གྱི་ ནང་ཆས་དང་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ཐོན་སྐྱེད་འབད་ཚུགས་ཟེར་ཨིན་པས།

འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ཚུགས་པ་ཅིན་ ཧེ་མ་ལས་ ད་ལྟོ་ཚུན་ ལག་ཐོག་ལཱ་འབད་མི་དེ་ བསྒྱུར་བཅོས་འབད་ཚུགས་པའི་ཁར་ ཉམས་མྱོང་དང་ ཤེས་ཚད་མེད་པའི་ སློབ་རིམ་༤ པ་དང་༥ པའི་ སློབ་ཕྲུག་ཚུ་གིས་ཡང་ ལཱ་འབད་ཚུགས་ནི་ཨིནམ་མ་ཚད་ ཤིང་འཕྲོ་བརླག་མི་འགྱོ་ཟེར་ ཇོ་ཤཱུན་གྱིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ དེ་ཅིག་གི་ འཕྲུལ་ཆས་མཁོ་སྒྲུབ་འབད་མི་གིས་ འཕྲོ་བརླག་ཉུང་སུ་ཐོག་ སྤུས་ཚད་ལེགས་ལྡན་གྱི་ ཐོན་སྐྱེད་འབད་བའི་བར་ན་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མཁོ་མངགས་འབད་མི་ མར་བབས་སོང་པའི་ཁར་ ཤིང་ཚུ་ཡང་ དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ད་རུང་ ཤིང་དྲ་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ དངུལ་ཀྲམ་ས་ཡ་༧ དང་༨ ཟད་འགྲོ་བཏང་སྟེ་ དགོས་མཁོ་ཅན་གྱི་ འཕྲུལ་ཆས་མཁོ་སྒྲུབ་འབད་བའི་ཤུལ་ལས་ འབྲུག་གི་བཟོ་སྐྲུན་ལས་སྡེ་དང་ གཞུང་ དེ་ལས་ སྒེར་སྡེ་ཚུ་གིས་ ཁྱིམ་བཟོ་སྐྲུན་དང་ རྫོང་གཞིས་ ལྷ་ཁང་ ཟམ་ཚུ་གི་དོན་ལུ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཤིང་ཆས་ཚུ་ ལག་ལེན་འཐབ་པ་ཅིན་ ཤིང་དྲ་ཁང་ཚུ་གིས་མ་དོ་བར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།

གསར་སྤང་ཀུན་དགའ་བཟོ་གྲྭ་ཁང་གི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ འབོལ་གདན་དང་ སྒོ་ སྒོ་ཅུང་ཚུ་ བཟོ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧ དང་༨ བཏང་སྟེ་ འཕྲུལ་ཆས་གསརཔ་མཁོ་སྒྲུབ་འབད་ནི་དེ་ ལེགས་ཤོམ་ཡོད་རུང་ ཕྱིར་ཚོང་འཐབ་ནི་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལས་ལེན་མི་ ཤིང་ཚུ་ལུ་ གདོང་ལེན་འདུག་ཟེར་ཨིན་པས།

ཀྲོང་གསར་དང་ དབང་འདུས་རྫོང་ཁག་ལས་ ཤིང་དྲ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ མི་གཞན་གྱི་ ཆོག་ཐམ་གུ་ ལཱ་འབད་དེ་ ལོ་གངམ་མ་འགྱོཝ་ལས་ ཤིང་བཟོ་གྲྭ་ཁང་ཚུ་ གཅིག་སྒྲིལ་བཟོ་དགོ་པའི་ བཀོད་རྒྱ་གནང་མི་གིས་ དཀའ་ངལ་འབྱུང་ནི་བཟུམ་འདུག་ཟེར་ཨིན་པས།

ལྷུན་རྩེ་ལས་ ཡེ་ཤེས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་ ཤིང་དྲ་ཁང་ལས་ ཤིང་ཆས་ཚུ་ འབག་མ་བཏུབ་པར་ ལོ་༤ དེ་ཅིག་ ལང་དོ་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གིས་ གོང་ཚད་ཁེ་ཏོག་ཏོ་ཐོག་ སྤུས་ཚད་མེད་པའི་ ཤིང་ཆས་ཚུ་ ནང་འདྲེན་འབད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་ལས་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ རིན་ཐང་ཆེ་བའི་ འཕྲུལ་ཆས་གསརཔ་ མཁོ་སྒྲུབ་འབད་དགོཔ་ཅིག་ མ་མཐོངམ་ལས་ ཤིང་བཟོ་གྲྭ་ཁང་ནང་ ནང་ཆས་བཟོ་བཏུབ་པའི་ འཕྲུལ་ཆས་༢ དང་༣ ཡོད་པ་ཅིན་ དེ་གིས་ར་ བཏུབ་པས་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པའི་ནང་བཏོན་མི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཁྱབ་བསྒྲགས་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༢ ཟླ་༡༢ པའི་ཚེས་༣༡ ནང་འཁོད་ ཤིང་ལུ་བརྟེན་པའི་ བཟོ་གྲྭ་ཁང་ཚུ་གིས་ སྤུས་ཚད་ཅན་གྱི་ ཐོན་སྐྱེད་འབད་མ་ཚུགས་པ་ཅིན་ བསྟན་རྒྱས་ལྷན་ཁག་གིས་སྤྲོད་མི་ ཆོག་ཐམ་ཆ་མེད་གཏང་ནི་དང་ ཟླ་རིམ་བཞིན་དུ་བྱིན་མི་ ཤིང་ཚུ་ བཀག་ནི་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ དཔལ་འབྱོར་བསྐྱར་གསོ་འབད་ནིའི་དོན་ལུ་ ཤིང་ཆས་སྤུས་ཚད་ཅན་སྦེ་ ཐོན་སྐྱེད་འབད་ཐབས་ལུ་ སོ་ནམ་ལྷན་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ ན་ཧིང་ གྲོས་འཆར་ཕུལ་ཡོདཔ་ད་ ཐབས་ལམ་དེ་གིས་ ཤིང་གི་ཐོན་སྐྱེད་ནང་འདྲེན་ནང་ གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༣ ཟད་འགྲོ་བཏང་མི་དེ་ དམ་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།

ཤིང་བཟོ་གྲྭ་མཐུན་ཚོགས་ནང་ ཐོ་བཀོད་འབད་མི་ འཐུས་མི་༡༥༠ ཡོད་མི་ལས་༡༠༠ དེ་ ཤིང་བཟོ་གྲྭ་ཁང་ཨིནམ་ད་ སྦྱར་ལེབ་བཟོ་གྲྭ་ཁང་༤ ཡོད་མི་གིས་ ཤིང་ཆས་བརྒྱ་ཆ་༩༩ ནང་འདྲེན་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *