ཤར་ཕྱོགས་ལུང་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ནོར་བུ་སྒང་རྒེད་འོག་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ཀྱི་སྐོར་ལསས་ གོ་བརྡ་སྤྲོད་པའི་བསྒང་།

ཤར་ཕྱོགས་ལུང་ཕྱོགས་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ལམ་ལུགས་ འགོ་བཙུགས་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གི་ ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ལུང་ཕྱོགས་ནང་ ཀོ་བིཌ་-༡༩ ལྟ་རྟོག་དང་ སྔོན་འགོག་གི་ཐབས་ལམ་ ཡར་དྲག་གཏང་ཐབས་ལུ་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ལམ་ལུགས་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ ལས་བྱེད་ཚོགས་ཆུང་གིས་ པདྨ་དགའ་ཚལ་ངང་ལམ་ ནོར་བུ་སྒང་རྒེད་འོག་གི་ སྤུངས་འཛོམས་འབད་མི་ གཡུས་ཚན་ཚུ་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་༣༥ དེ་ཅིག་ ངོས་འཛིན་འབད་བའི་ཤུལ་ལས་ གོ་བརྡ་སྤྲོད་དེ་ ངོས་ལེན་ཡི་གུའི་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལས་བྱེད་ཚོགས་ཆུང་གིས་ ཆོས་འཁོར་གླིང་རྒེད་འོག་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་༩ དང་ བདེ་ཆེན་གླིང་རྒེད་འོག་ནང་༤༩ དེ་ཅིག་ ངོས་འཛིན་འབད་ཡོདཔ་བཞིན་དུ་ གོ་བརྡ་སྤྲོད་ཐོག་ལས་ ངོས་ལེན་ཡི་གུའི་གུ་ མཚན་རྟགས་བཀོད་ནི་ཨིནམ་ད་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ཀྱིས་ ཀོ་བིཌ་-༡༩ བཀག་འཛིན་དང་ གྲ་སྒྲིག་དང་ ངོས་ལེན་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ལས་བྱེད་ཚོགས་ཆུང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཀོ་བིཌ་-༡༩ བཀག་འཛིན་འབད་ནིའི་ནང་ དེ་བཟུམ་མའི་ ཐབས་ལམ་དང་ ལྟ་རྟོག་ཚུ་ ངེས་པར་དུ་ དགོ་ཟེར་ཨིནམ་ད་ མི་སྡེ་ཚུ་ བཅའ་མར་གཏོགས་མི་དེ་གིས་ ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་དེ་གིས་ མི་སྡེ་ཚུ་ལུ་ གོ་བརྡ་དང་ མཐུན་འབྲེལ་ལེགས་ཤོམ་བཟོ་ནི་ བརྡ་དོན་ཁྱབ་སྤེལ་དང་ མི་སྡེའི་གནས་ཚད་ནང་ དཀའ་ངལ་སེལ་ཐབས་འབད་ཚུགས་པའི་ དབང་ཆ་དང་ སེམས་ཤུགས་ཚུ་ བྱིན་འོང་ཟེར་ཨིན་པས།

ནད་ཡམས་ཁྱབ་སྤེལ་གྱི་ ཉེན་ཁ་ཡོད་མི་དང་འཁྲིལ་ དབྱེ་ཁག་དང་པའི་ནང་ ལུང་ཕྱོགས་ཚུ་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ལག་ལེན་འཐབ་ནིའི་དོན་ལུ་ སྤུངས་འཛོམས་འབད་མི་ གཡུས་ཚན་ཚུ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ས་མཚམས་བདའ་སྟེ་ཡོད་མི་ ཉེན་ཁ་ཆེ་བའི་ གཡུས་ཚན་དང་ ཁྲོམ་ཚུ་ཡང་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གཡུས་ཚན་དང་ ས་གནས་ཀྱི་མི་ཚུ་གི་སྐོར་ལས་ ཤེས་རྟོགས་ལེགས་ཤོམ་ཡོད་མི་དང་ བློ་གཏད་ཚུགས་པའི་ མི་ངོམ་ཚུ་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་སྦེ་ བཏོན་དོ་ཡོདཔ་ད་ ངོ་ཚབ་ཚུ་གིས་ ཞིབ་དཔྱད་དང་ ལྟ་རྟོག་རྐྱངམ་གཅིག་མེན་པར་ ཁག་ཆེ་བའི་སྐབས་ལུ་དང་ ཡང་ཅིན་ ཧང་སྟོང་མར་ འགྲོ་འགྲུལ་བཀག་དམ་རེ་ འབད་དགོཔ་འཐོནམ་ད་ ལས་བྱེད་ཚོགས་ཆུང་ལུ་ གྲ་སྒྲིག་དང་ ངོས་ལེན་འབད་ནིའི་ རྒྱབ་སྐྱོར་དང་ མི་སྡེ་ལུ་ ལམ་སྟོན་ཚུ་འབད་འོང་ཟེར་ཨིན་པས།

ངོ་ཚབ་ཚུ་གིས་ ཁོང་རའི་གཡུས་ཚན་ཚུ་ནང་ གསོ་བའི་སྡོད་སྒར་བཟོ་ནི་དང་ ས་ཁོངས་ཚུ་ནང་ སྲུང་རྒྱབ་བསྐོ་བཞག་འབད་ནི་ མཁོ་ཆེ་བའི་ཅ་ཆས་དང་ ནང་འཁོད་ཐོན་སྐྱེད་སྐྱེལ་སྤྲོད་ས་ཁོངས་བཟོ་ནི་ དེ་ལས་ ཟུར་བཞག་དང་ རྐྱང་གནས་མཐུན་རྐྱེན་བཟོ་ནི་ལ་སོགས་པའི་ ཀོ་བིཌ་-༡༩ དང་འབྲེལ་བའི་ གློ་བུར་འཆར་གཞི་ཚུ་ཡང་ ཤེས་དགོཔ་ཨིན་པས།

ཤར་ཕྱོགས་ཀོ་བིཌ-༡༩ ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ དྲགོས་པདྨ་ཚེ་དབང་གིས་ སླབ་མིའི་ནང་ མི་ཚུ་ལས་ རྒྱབ་སྐྱོར་མེད་པ་ཅིན་ འབྲེལ་ཡོད་ལས་བྱེད་ཚོགས་ཆུང་ཚུ་གིས་ ནད་ཡམས་ཁྱབ་སྤེལ་སྔོན་འགོག་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ཡང་ འགན་ཁུར་འབག་སྟེ་ མཉམ་འབྲེལ་ཐོག་ ལཱ་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ངོས་འཛིན་འབད་མི་དེ་ མི་སེར་ཚུ་ལུ་ མི་སྡེའི་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ནིའི་ནང་ ལས་བྱེད་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་འབད་ནིའི་ འགན་ཁུར་སྤྲོད་ཐབས་ལུ་ ཨིནམ་བཞིན་དུ་ ངོ་ཚབ་ཚུ་གིས་ བདུན་ཕྲག་ཨ་རྟག་ར་ ཁོང་རའི་གཡུས་ཚན་གྱི་ གནས་སྟངས་ཚུ་གི་སྐོར་ སྙན་ཞུ་འབད་དགོ་ཟེར་ཨིན་པས།

ངོ་ཚབ་ཚུ་གིས་ ཞིབ་དཔྱད་དང་ ལྟ་རྟོག་འབད་ཐོག་ མི་སྡེ་ནང་ ནད་ཡམས་སྔོག་འགོག་འབད་ནི་རྐྱངམ་གཅིག་མེན་པར་ ཚད་ལྡན་ལག་ལེན་བྱ་རིམ་དང་འཁྲིལ་ མི་ཚུ་གིས་ ནང་འཁོད་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་ནང་ ལྷན་གྲོགས་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ དྲགོས་པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།

དྲགོས་ཀྱིས་ སླབ་མིའི་ནང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་དེ་ སྒྲུབ་བྱེད་ཚུ་ལུ་ གཞི་བཞག་སྟེ་ བརྡ་དོན་ཅན་གྱི་ གྲོས་ཐག་གཅད་ནི་ལུ་ ཀོ་བིཌ་-༡༩ དང་འབྲེལ་བའི་ གློ་བུར་འཆར་གཞི་དང་ ཀོ་བིཌ་-༡༩ དང་འབྲེལ་བའི་ གྲ་སྒྲིག་དང་ ངོས་ལེན་འཆར་གཞིའི་ ཆ་ཤས་ངོ་མ་ཅིག་ ཨིན་ཟེར་ཨིན་པས།

དེ་དང་འདྲཝ་སྦེ་ ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཚུང་གིས་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་དྲུང་ཁག་ནང་ཡང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་༨༤ དེ་ཅིག་ ངོས་འཛིན་འབད་དེ་ གོ་བརྡ་སྤྲོད་ཞིནམ་ལས་ ངོས་ལེན་ཡི་གུའི་གུ་ མཚན་རྟགས་བཀོད་ཡོདཔ་ད་ ངོ་ཚབ་ཚུ་གིས་ཡང་ ངོ་ཚབ་ཀྱི་འགན་ཁུར་ཚུ་ ལམ་ལུགས་ཚུ་དང་འཁྲིལ་ ཕྱག་ཞུ་ནི་ཨིན་པའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ལས་བྱེད་ཚོགས་ཆུང་གིས་ བསམ་གྲུབ་ལྗོངས་མཁར་གྱི་ བསམ་གྲུབ་ཆོས་གླིང་དང་ གཞལམ་སྒང་པཱན་སྦང་ དེ་ལས་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཉེན་ཁ་ཆེ་བའི་ས་ཁོངས་སྦེ་ གསལ་བསྒྲགས་འབད་མི་ བཀྲིས་སྒང་མེ་རག་དང་ སག་སྟེང་རྒེད་འོག་ དེ་ལས་ བཀྲིས་གཡང་རྩེ་ སྟོད་ཚོ་དང་ ཡ་ལང་རྒེད་འོག་ཚུ་ནང་ཡང་ ཀོ་བིཌ་-༡༩ གཡུས་ཚན་ངོ་ཚབ་ཀྱི་ལམ་ལུགས་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *