སོ་ནམ་པ་ཅིག་གིས་ གེ་ཟ་ཤིང་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ ཨར་མི་ཝཱམ་འབུབ་ཚུ་ སྟོན་པའི་བསྒང།

ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཨར་མི་ཝཱམ་འབུབ་ཚུ་གིས་ གེ་ཟ་ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་གི་ གུང་པ་༥༥ ལྷགཔ་ཅིག་གི་ གེ་ཟའི་ཞིང་ནང་ ཨར་མི་ཝཱམ་འབུབ་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སོ་ནམ་པ་ཚུ་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་འདུག།

ཤར་ཕྱོགས་ཁ་ཐུག་ལུ་ གེ་ཟ་དེ་ ལོ་ཐོག་གཙོ་ཅན་ཅིག་ཨིནམ་མ་ཚད་ སོ་ནམ་པ་ཚུ་གིས་ གེ་ཟ་བཙོང་སྟེ་ འོང་འབབ་དུམ་གྲ་རེ་བཟོ་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༧༩ ལང་མི་ དཔལ་སྒྲོན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ནད་འབུབ་ཐོན་ཏེ་ ལོ་༣ དེ་ཅིག་ལང་དོ་ཟེར་ཨིནམ་ད་ དུས་ཅི་འབད་བ་ཅིན་ ཤུགས་སྦེ་ར་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིན་པས།

ཚེ་རིང་གིས་འབད་བ་ཅིན་ གེ་ཟ་ཤིང་ཚུ་ལུ་ འབུབ་རྐྱབ་སྟེ་ བདུན་ཕྲག་༡ གི་རྒྱབ་ལས་ ཤི་ནི་འགོ་བཙུགསཔ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ གེ་ཟའི་ཐོན་སྐྱེད་མངམ་འབད་ནི་ཡོད་ཟེར་ཨིནམ་ད་ ཨིན་རུང་ ནད་འབུབ་ལུ་བརྟེན་ ཐོན་སྐྱེད་ལུ་གནོདཔ་མས་ཟེར་ཨིན་པས།

ཁམས་དྭངས་རྒེད་འོག་གི་ སོ་ནམ་པ་ཚུ་མང་ཤོས་ར་ གེ་ཟ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ་ལས་ ག་དེ་སྦེ་ ནད་འབུབ་བཀག་ཐབས་འབད་ནི་ཨིན་ན་ མ་ཤེས་པར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ ཐ་ན་ འབུབ་སྨན་གཏོར་རུང་ཟེར་ ཕན་ཐོགས་མིན་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།

ཨ་ལོའི་ཨའི་ གཡང་སྒྲོན་གྱིས་འབད་བ་ཅིན་ འབུབ་ཚུ་གིས་གནོད་པ་རྐྱབ་སྟེ་ དུས་ཅི་བརྩིཝ་ད་ ལོ་༣ ལང་དོ་ཟེར་ཨིནམ་ད་ ཚར་གཅིག་འབུབ་ཚུ་གིས་ གནོད་པ་རྐྱབ་ཞིནམ་ལས་ ལོག་སྟེ་གེ་ཟ་བཏབ་རུང་ ཐོན་སྐྱེད་ལེགས་ཤོམ་མི་འོང་པས་ཟེར་ཨིན་པས།

ཁམས་དྭངས་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཚེ་རིང་བཟང་མོ་གིས་འབད་བ་ཅིན་ འབུབ་བཀག་ཐབས་དོན་ལས་ སོ་ནམ་པ་ཚུ་ལུ་ འབུབ་སྨན་སྤྲོད་ཡོདཔ་མ་ཚད་ སྨན་གཏོར་ནིའི་སྐོར་ལས་ཡང་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ འབུབ་སྨན་སྤྲོད་རུང་ ལ་ལོ་ཅིག་གིས་ སྡིག་པ་ལུ་འཛེམ་ཏེ་ སྨན་མི་གཏོར་བས་ཟེར་ཨིནམ་ད་ སྨན་གཏོར་མི་ཚུ་ བདུན་ཕྲག་༡ དང་༢ ཀྱི་ནང་འཁོད་ལུ་ ཕན་ནུས་ག་དེ་སྦེ་འདུག་གའི་ ལྟ་རྟོག་འབད་འོང་ཟེར་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་འབད་བ་ཅིན་ རྒེད་འོག་ག་རའི་ནང་ འབུབ་ཚུ་གིས་ གེ་ཟ་ཞིང་ཚུ་ནང་ གནོད་སྐྱོན་རྐྱབ་པའི་ སྙན་ཞུ་ཡོདཔ་ད་ དེ་ཡང་མང་ཤོས་ར་ ས་དྲོད་ཡོད་སའི་ གེ་ཟ་ཞིང་ཚུ་ནང་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།

སྦིས་གདུང་ལས་ ཨྱོན་དབང་ཕྱུག་གིས་འབད་བ་ཅིན་ འབུབ་ཚུ་གིས་ གེ་ཟའི་ཤིང་གི་འདབ་མ་ཚུ་ དོང་སྤེད་དེ་ ནང་ན་འཛུལ་ཞིནམ་ལས་ མེདཔ་བཏངམ་མས་ཟེར་ཨིན་པས།

སོ་ནམ་ལ་ལོ་ཅིག་གིས་འབད་བ་ཅིན་ སོ་ནམ་འགོ་དཔོན་ཚུ་གིས་ དུས་ཚོད་ཁར་ ནད་འབུབ་བཀག་ཐབས་ཀྱི་ ཐབས་ལམ་མ་སྒྲིག་མི་ལུ་བརྟེན་ ཕྱིས་སོ་ཡི་ཟེར་ སླབ་ཨིན་པས།

གཞུང་དང་ སོ་ནམ་འགོ་དཔོན་གྱིས་ ནད་འབུབ་བཀག་ཐབས་དོན་ལུ་ ལྟ་སྐོར་ནང་འོང་སར་ མ་མཐོང་ཟེར་ སྦིས་གདུང་ལས་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ གུང་པ་མང་ཤོས་ཀྱི་ གེ་ཟ་ཚུ་ མེདཔ་བཏང་ཚར་ཡི་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་འགོ་དཔོན་ག་ར་ལུ་ ལྟ་རྟོག་དང་ གནོད་པ་ག་དེམ་ཅིག་ བྱུང་ཡོདཔ་ཨིན་ནའི་ ཞིབ་དཔྱད་འབད་དགོ་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ལུ་ སྨན་ཚར་༢ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སོ་ནམ་འགོ་དཔོན་ཚུ་གིས་ ནད་འབུབ་བཀག་ཐབས་ཀྱི་ ཐབས་ལམ་ཚུ་ བཏོན་བཞིན་དུ་ཡོད་པའི་ཁར་ སོ་ནམ་པ་ཚུ་ལུ་ སྨན་གཏོར་ཐངས་ཀྱི་སྐོར་ལས་ཡང་ གོ་བརྡ་སྤེལ་ཡི་ཟེར་ཨིན་པས།

སོ་ནམ་ལྷན་ཁག་འོག་གི་ རྒྱལ་ཡོངས་སྔོ་ཤིང་སྲུང་སྐྱོབ་ལྟེ་བ་ལས་ མཁས་དབང་ ཀི་རཱན་མ་ཧེཊ་གིས་ སླབ་མིའི་ནང་ ཨར་མི་ཝཱམ་ནད་འབུབ་དེ་ གསརཔ་ཅིག་ཨིནམ་ལས་ སོ་ནམ་ལས་ཁུངས་ཀྱིས་ ལྟ་རྟོག་འབད་དེ་ར་ ཡོད་ཟེར་ཨིན་པས།

ནད་འབུབ་བཀག་ཐབས་དོན་ལུ་ གཏན་འཇགས་ཀྱི་ཐབས་ལམ་ཚུ་ ག་ནི་ཡང་མེད་རུང་ ནད་འབུབ་འཛིན་སྐྱོང་འཐབ་སྟེ་ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་འབད་ཚུགས་ཟེར་ ཀི་རཱན་མ་ཧེཊ་གིས་ བཤད་པའི་ཁར་ སོ་ནམ་པ་ཚུ་གིས་ དུས་ཚོད་ཁར་ སྙན་ཞུ་འབད་བ་ཅིན་ འགོ་དཔོན་ཚུ་གིས་འབད་རུང་ དུས་ཐོག་ལུ་ བཀག་ཐབས་འབད་ཚུགས་ཟེར་ཨིནམ་ད་ ཨིན་རུང་ སོ་ནམ་པ་ཚུ་གིས་ སོ་ནམ་འགོ་དཔོན་ཚུ་ལུ་ དུས་ཚོད་ཁར་ སྙན་ཞུ་མི་འབད་བས་ཟེར་ཨིན་པས།

ནད་འབུབ་དེ་ ཕྱེམ་ལ་གི་རིགས་ཅིག་ཨིནམ་ལས་ ཀི་ལོ་མི་ཊར་༡༠༠ དེ་ཅིག་ འཕུར་ཚུགས་པའི་ འབུབ་རིགས་ཅིག་ཨིན་ཟེར་ཨིནམ་ད་ མཁས་དབང་གིས་ བཤད་པའི་ཁར་ ས་དྲོད་ཡོད་སའི་ ལོ་ཐོག་ཚུ་ལུ་ གནོད་པ་རྐྱབ་འོང་ཟེར་ཨིནམ་ད་ འབྲུག་ལུ་འབད་བ་ཅིན་ གེ་ཟ་ལུ་ གནོད་པ་རྐྱབ་སྟེ་འདུག་ཟེར་ཨིན་པས།

ནད་འབུཔ་དེ་ འགོ་དང་པ་ སྤྱི་ལོ་༢༠༡༦ ལུ་ ཨཱཕ་རི་ཀ་རྒྱལ་ཁབ་ནང་ ཐོན་པའི་ཤུལ་ལུ་ སྤྱི་ལོ་༢༠༡༨ ལུ་ རྒྱ་གར་ལུ་ ཐོན་ཡོདཔ་ད་ འབྲུག་ལུ་འབད་བ་ཅིན་ སྤྱི་ལོ་༢༠༡༩ ལུ་ འགོ་དང་པ་ སྤུ་ན་ཁ་རྫོང་ཁག་ལས་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *