སྤ་རོ་ཤར་པ་རྒེད་འོག་ནང་ མི་སྡེ་ལས་ ནད་ཡམས་ཁྱབ་སྤེལ་སོང་པའི་ཤུལ་ལུ་ གསོ་བའི་ལྟ་རྟོག་སྡེ་ཚན་གྱིས་ སྤྱི་ཟླ་༡ པའི་ཚེས་༡ ལས་ ཉིན་གྲངས་༢ ཀྱི་རིང་ ཁྱིམ་གུང་རེ་ལས་ འཐུས་མི་རེ་ལུ་ ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབད་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།

ཤར་པ་ལུ་ ནད་ཡམས་འཕྱེལ་འགྱོ་མི་ ས་ཁོངས་ཚུ་ནང་ བརྟག་དཔྱད་མཇུག་བསྡུ་ཡོདཔ།

༉ སྤ་རོ་ལུ་ འགོ་དང་པ་ མི་༣ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོད་པའི་ ངོས་འཛིན་བྱུང་སྟེ་ བདུན་ཕྲག་༢ ཀྲིག་ཀྲི་ལང་ཡོདཔ་ད་ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་ ད་ལྟོ་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ལོག་འོང་མི་༢ བརྩིས་ཏེ་ མི་གྲངས་༥༧ ལུ་ ནད་འབུབ་ཐོབ་ཡོད་པའི་ གནས་ཐོ་བཀོད་ནུག།

ཤར་པ་རྒེད་འོག་ནང་ མི་སྡེ་ལས་ ནད་ཡམས་ཁྱབ་སྤེལ་སོང་ཡོདཔ་ལས་ གནས་སྟངས་འཚུབས་ཆེན་ཅིག་ལུ་ གྱུར་བའི་ཤུལ་ལུ་ གསོ་བའི་ལྟ་རྟོག་སྡེ་ཚན་གྱིས་ ཤར་པ་ལུ་ ནད་ཡམས་ཁྱབ་སྤེལ་འགྱོ་ཉེན་ཡོད་པའི་ ས་ཁོངས་ནང་ སྤྱི་ཟླ་༡ པའི་ཚེས་༡ ལས་ ཉིན་གྲངས་༢ ཀྱི་རིང་ མི་ཚུ་ལུ་ ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབད་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།

ཉེན་ཅན་ས་གོ་ནང་ བརྟག་དཔྱད་འབད་བའི་སྐབས་ མི་༢ ལུ་ ནད་འབུབ་ཡོདཔ་སྦེ་ གྲུབ་འབྲས་ཐོན་མི་དེ་ཡང་ ཧེ་མ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་ཨིནམ་ད་ ནདཔ་༢ བདའ་ཟུན་མི་དེ་ཡང་ གསོ་བ་ལྷན་ཁག་གིས་ སྤྱི་ཟླ་༡ པའི་ཚེས་༢ ལུ་ གསལ་བསྒྲགས་འབད་མི་ཨིན་པས།

 ཤར་པའི་ས་ཁོངས་ལས་ ད་ལྟོ་ཚུན་ མི་༤༧ ལུ་ ནད་འབུབ་ཐོབ་སྟེ་ཡོདཔ་ ངོས་བཟུང་འབད་མི་ཚུ་གི་གྲས་ལས་ མི་༡༩ དེ་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ མི་མང་བརྟག་དཔྱད་ལས་རིམ་ འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བདའ་ཟུན་ནུག།

 རྫོང་ཁག་གསོ་བའི་འགོ་དཔོན་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ ཉེན་ཅན་ས་ཁོངས་ཚུ་ནང་ བརྟག་དཔྱད་ལས་རིམ་ འགོ་འདྲེན་འཐབ་ད་ ཁྱིམ་གུང་རེ་ལས་ མི་རེ་ལུ་ བརྟག་དཔྱད་འབད་མི་དེ་ཡང་ སྔ་གོང་ལས་ ནད་འབུབ་ཐོབ་མི་དེ་ ངོས་བཟུང་འབད་ཐབས་ལུ་ཨིན་ཟེར་ཨིན་པས།

གསོ་བའི་ལྟ་རྟོག་སྡེ་ཚན་གྱིས་ ཁྱིམ་གུང་རེ་ལས་ འཐུས་མི་རེ་དང་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ དེ་ལས་ ནད་རྟགས་སྟོན་མི་ཚུ་ལུ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ཤར་པ་རྒེད་འོག་ནང་ ཁྱིམ་གུང་༧༠༠ དེ་ཅིག་ཡོདཔ་བཞིན་དུ་ ས་ཁོངས་དང་འཁྲིལ་ བརྟག་དཔྱད་སྐབས་ མི་༡,༥༠༠ དེ་ཅིག་ལུ་ ནད་རྟགས་མེད་ཀྱི་ བརྟག་དཔྱད་འབད་ནུག།

རྒེད་འོག་༡༠ ག་རའི་ནང་ བརྟག་དཔྱད་འབད་ཚར་ཡོདཔ་ད་ ཆོས་སྐྱིད་དབང་མོ་གིས་འབད་བ་ཅིན་ ནད་ཡམས་ཀྱི་ ཉེན་ཁ་ཆུང་སུ་ཡོད་མི་ བོང་སྡེ་དང་ ཝང་ཅང་ དེ་ལས་ ཁྲོམ་སྡེ་ཚུ་ནང་ ག་ཐོབ་ག་ཚུད་སྦེ་ བརྟག་དཔྱད་འགོ་འདྲེན་འཐབ་མི་ཚུ་ཡང་ ཚ་རིམས་ཀྱི་ ནད་རྟགས་དང་ ནད་གཞི་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་ཨིནམ་ད་ དེ་ཡང་ ནགས་རྒྱ་དང་ རྡོ་སྒར་རྒེད་འོག་ཚུ་ནང་ བརྟག་དཔྱད་འབད་ཡི་ཟེར་ཨིན་པས།

ཁ་ཙ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ དུས་མཐུན་གནས་ཚུལ་ཞལ་འཛོམས་ནང་ སྤ་རོ་རྫོང་ཁག་ནང་ མི་༡༢,༠༠༠ དེ་ཅིག་ལུ་ ནད་བརྟག་དཔྱད་འབད་ཚར་ཡི་ཟེར་བཤད་ཅི།

གསོ་བའི་འགོ་དཔོན་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་ཡང་ ནད་ཡམས་དར་ཁྱབ་འགྱོ་བའི་་ ནམ་དུས་ལུ་ སྤ་རོ་ལུ་བཞུགས་ཏེ་ གསོ་བའི་སྡེ་ཚན་དང་གཅིག་ཁར་ ཕྱག་ཞུ་ཡོདཔ་ལས་ མི་མང་ལུ་ ཞབས་ཏོག་ཕུལ་ནི་ལུ་ ལྷན་ཐབས་བྱུང་་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

གསོ་བའི་ལྟ་རྟོག་སྡེ་ཚན་གྱིས་ ནད་ཡམས་ཀྱི་ ཉེན་ཁ་ཡོད་མི་ ཤར་པའི་ལམ་བདའ་སྟེ་ མི་ཚུ་ལུ་ ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་བསྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *