ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་སྐྱེད་ལཱ་དེ་ ལས་འགུལ་ཆུང་ཀུ་མེནམ་ལས་ སྟབས་བདེཝ་མ་བདེཝ་ དུམ་གྲ་རེ་ཐོན་ཡི་ཟེར་ གསལ་ཞུ་འབད་བའི་བསྒང་།

ཤར་ནུབ་ཀྱི་ གཞུང་ལམ་རྒྱ་སྐྱེད་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ཚ་གྱང་།

༉ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་ རྒྱལ་ཡོངས་ལུ་ ཕན་ཐོགས་ཆེ་བའི་ ལས་འགུལ་ཅིག་ཨིན་རུང་ གཞུང་གི་གནས་ཡུན་ཚང་ནི་ལུ་ ཟླཝ་༨ དེ་ཅིག་ལས་མེད་པ་ལུ་བརྟེན་ གཞུང་གིས་ གནས་ཡུན་ནང་འཁོད་ལུ་ ག་དེ་སྦེ་ མཇུག་བསྡུ་ཚུགས་འོང་ག་ཟེར་ ཝམ་རོང་གི་འཐུས་མི་ཀརྨ་བསྟན་འཛིན་དང་ ནུབ་སྦིས་སྟང་སི་སྦྱིས་ཀྱི་ འཐུས་མི་དངོས་གྲུབ་བཟང་པོ་༢ ཀྱིས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ ཞབས་ཏོག་བློན་པོ་ལུ་དྲི་བ་ཞུ་ཡི།
ཝམ་རོང་གི་འཐུས་མི་གིས་འབད་བ་ཅིན་ ཤར་ནུབ་ཀྱི་ གཞུང་ལམ་རྒྱབསྐྱེད་དེ་ མཇུག་བསྡུ་ཚར་བའི་ཤུལ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ ཁེ་ཕན་འབྱུང་ནི་ཨིན་རུང་ སྤྱིར་བཏང་རྒྱུན་འགྲུལ་འཐབ་མི་ མི་དང་ སྣུམ་འཁོར་ ལྟ་བཤལ་ལས་སྡེ་ཚུ་གིས་ ལམ་གྱི་གནས་སྟངས་དེ་ལུ་བལྟ་སྟེ་ ཉོགས་བཤད་བཀོད་དོ་ཡོདཔ་ལས་ གཞུང་གི་གནས་ཡུན་ནང་ བསྒྲུབ་ཚུགས་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ནུབ་སྦིས་སྟང་སི་སྦྱིས་ཀྱི་འཐུས་མི་ དངོས་གྲུབ་བཟང་པོ་གིས་འབད་བ་ཅིན་ ཀྲོང་གསར་ཚེ་རིང་མའི་གྲུབ་ཆུ་ལས་ བུམ་ཐང་ཡོ་སྟོང་ལ་ཚུན་ ལམ་རྒྱ་སྐྱེད་འབད་མི་དེ་ ག་ཅི་ལུ་བརྟེན་ དུས་ཚོད་འགོརཝ་ཨིན་ན་དང་ ས་གནས་གཞན་དང་ཕྱདཔ་ད་ གྲུབ་འབྲས་ཆུང་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཨིན་ན་ཟེར་ཞུ་ཡི།
ད་རུང་ ལམ་རྒྱ་སྐྱེད་དེ་ལུ་བརྟེན་ ལམ་གྱི་ས་གནས་ སྟོད་དང་འོག་ལུ་ཡོད་མི་ ས་ཞིང་དང་ འཐུང་ཆུ་ ཞིང་ཆུ་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ རྫས་བམ་ལུ་བརྟེན་ མི་སེར་གྱི་ཁྱིམ་གུ་ གག་འགྲམ་ཕོག་པའི་ དཀའ་ངལ་ཚུ་ཡང་བྱུང་ཡི་ཟེར་ཞུ་ཡི།
དེ་གིས་མ་ཚད་ ཀྲོང་གསར་ རྫོང་མཁར་ལུངམ་ལུ་ ལོ་བསྟར་བཞིན་དུ་ ལམ་གྱི་དཀའ་ངལ་ལུ་བརྟེན་ ཀྲོང་གསར་ཁྲོམ་ཁའི་ ཚོང་འབྲེལ་མར་ཉམས་འགྱོ་བ་གིས་མ་ཚད་ ས་གནས་ནང་ གླ་འཁོར་ཚུ་གིས་ འགྲོ་འགྲུལ་འབད་མ་བཏུབ་པའི་དཀའ་ངལ་དང་ འབད་མི་ཚུ་གིས་ཡང་ གླ་ཆ་ཚད་ལས་བརྒལ་སླབ་སྟེ་ མི་སེར་ལུ་ བརྡབ་གསིག་རྐྱབ་སྟེ་ཡོད་ཟེར་ འཐུས་མི་གིས་ཞུ་ཡི།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ གཞུང་ལམ་རྒྱ་སྐྱེད་འབད་ནི་དེ་ ལས་འགུལ་ཆུང་ཀུ་མེནམ་ལས་ སྟབས་བདེཝ་མ་བདེཝ་ དུམ་གྲ་རེ་ ཐོན་ཡི་ཟེར་ཞུ་ཡི།
ཨིན་རུང་ མི་སེར་ཚུ་གིས་ ཤེས་དགོཔ་དེ་ ད་ལྟོ་འཕྲལ་གྱི་ སྟབས་མ་བདེཝ་ལོ་༡ དང་༢ ཨིན་རུང་ དེ་གིས་ མ་འོངས་པ་ལུ་ ཁོང་རང་ལུ་ ཁེ་ཕན་སྦོམ་འཐོབ་ནི་ཨིནམ་ལས་ དེ་ཁག་ཆེ་ཟེར་ཞུ་ཡི།
ཤར་ནུབ་ཀྱི་ ལམ་རྒྱ་སྐྱེད་དེ་ འཆར་གཞི་༡༡ པའི་ནང་ རྒྱལ་ཡོངས་ཀྱི་ ལས་འགུལ་ཁག་ཆེ་ཤོས་ཅིག་དང་ ལཱ་ཁག་དྲགས་ཅིག་ཨིན་རུང་ མི་སེར་ཡོངས་ལུ་ཕན་པའི་ ལས་འགུལ་ཅིག་ཨིནམ་མ་ཚད་ མ་དངུལ་ཡང་ འབོར་ཆེ་ཏོག་ཏོ་དང་ དུས་ཡུན་ལོ་༣ ནང་འཁོད་ལུ་ འབད་ཚུགསཔ་སྦེ་ ཨིན་ཟེར་ཞུ་ཡི།
མི་སེར་ཚུ་གིས་ ལམ་རྒྱ་སྐྱེད་འབད་ཞིནམ་ལས་ རྩི་ནག་དེ་ བཏང་ཚརཝ་རྐྱངམ་གཅིག་གིས་ གྲུབ་འབྲས་བྱུང་ཡོདཔ་སྦེ་ བརྩིཝ་མས་ཟེར་ཞུ་ཡི།
ཨིན་རུང་ རྩི་ནག་མ་བཏང་བའི་ཧེ་མར་ ལཱ་འབད་དགོཔ་ལེ་ཤ་ཡོད་མི་དེ་ཡང་ ཆུ་གཡུར་དང་ རྩིགཔ་ཚུ་ ལེགས་ཤོམ་རྐྱབ་ཞིནམ་ལས་རྐྱངམ་གཅིག་ རྩི་ནག་བཏངམ་ཨིན་ཟེར་ཞུ་ཡི།
ཤར་ནུབ་ཀྱི་ ལམ་རྒྱ་སྐྱེད་ལས་འགུལ་དེ་ནང་ གཞུང་ལམ་རིང་ཚད་ ཀི་ལོ་མི་ཊར་༣༦༨ ཡོད་མི་ནང་ལས་ ཀི་ལོ་མི་ཊར་༥༢ པོ་དེ་ ཌན་ཊག་ལས་འགུལ་གྱིས་ ལཱ་འབད་དོ་ཟེར་ཞུ་ཡི།
ལས་འགུལ་དེ་ཡང་ རྫོང་ཁག་རྫོང་ཁག་སྦེ་ བགོ་བཀྲམ་འབད་དེ་ཡོདཔ་ལས་ སེམས་རྟོགས་ཁ་ལས་ དབང་འདུས་ཚུན་ཚོད་ ཀི་ལོ་མི་ཊར་༦༥ པོ་དེ་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ད་ དབང་འདུས་ལས་ ཆུ་སེར་བུ་ཚུན་ཚོད་ ཀི་ལོ་མི་ཊར་༨༦ པོ་དེ་ ས་བཅད་ནི་ཚུ་ བརྒྱ་ཆ་ལས་བརྒྱ་ འབད་ཚར་ཏེ་ཡོདཔ་ད་ ལམ་རྩི་ནག་གཏང་ནིའི་དོན་ལུ་ འགྱམ་བཙུགས་ནིའི་ ལཱ་ཚུ་ཡང་བརྒྱ་ཆ་༩༠ ལྷགཔ་ཅིག་ བསྒྲུབས་ཚར་ཡོདཔ་ད་ རྩི་ནག་ཡང་ ཀི་ལོ་མི་ཊར་༥༠ དེ་ཅིག་ བཏང་ཚར་ཏེ་ཡོདཔ་སྦེ་ ཞབས་ཏོག་བློན་པོ་གིས་ ཚོགས་དམངས་ལུ་ཞུ་ཡི།
དབང་འདུས་ལས་ ཆུ་སེར་བུ་གི་ལམ་དེ་ སང་ཕོད་ སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་ཚུགས་ཟེར་ཞུ་ཡི།
ད་ལྟོ་ དཀའ་ངལ་དེ་ར་ ཆུ་སེར་བུ་ལས་ ཀྲོང་གསར་བར་ནང་ ཀི་ལོ་མི་ཊར་༩༧.༦ ཚུན་ དཀའ་ངལ་ཡོད་མི་དེ་ཡང་ ས་ཆའི་གནས་སྟངས་ ལེགས་ཤོམ་མེད་མི་དང་ བྱག་སྦོམ་ཡོད་མི་ ས་བརྟན་ཏོག་ཏོ་མེདཔ་ལས་ ལམ་བཟོ་སྐྲུན་འབད་བའི་སྐབས་ རྡོ་རྦོབ་རིལ་འོང་པ་ཅིན་ ལམ་གྱི་འོག་ལུ་ གཡུས་ཚན་ཡོད་མི་ཚུ་ལུ་ སྟབས་མ་བདེཝ་བྱུང་ཡོདཔ་སྦེ་ཞུ་ཡི།
ལཱ་ཡུན་འགྱངས་ལུས་དགོ་མི་དེ་ཡང་ ད་རེས་ནངས་པ་ ཟླཝ་༧ དང་༨ དེ་ཅིག་ ཆརཔ་རྐྱབ་ད་ བར་ཆད་རྐྱབ་མ་ཚད་ གནམ་དགུན་གྱི་ བསིལ་ལུ་བརྟེན་ཏེ་ཡང་ ལཱ་ཚུ་ དུས་ཚོད་ཁར་ འབད་མ་ཚུགས་པའི་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ ཁག་འབག་གི་ཁ་ཐུག་ལས་ ལཱ་ཚུ་རྩ་འགེངས་འབད་ཡོདཔ་ལས་ ཁོང་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡི།
ད་རུང་ གླིང་མི་ཐང་ལས་ ཡ་ལྡི་ཚུན་ཚོད་ཡང་ ལམ་རྒྱ་སྐྱེད་ཀྱི་ གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་ཏེ་ འཆར་གཞི་༡༡ པའི་ནང་ར་ མཇུག་བསྡུ་ཚུགས་ནི་མས་ཟེར་ཞུ་ཡི།
ཨིན་རུང་ ཡ་ལྡི་ལས་ ཁྱི་རི་ཚུན་ ལཱ་འབད་མི་དེ་ ཌན་ཊག་ལས་འགུལ་ཨིནམ་ད་ ཁོང་གིས་ ཀི་ལོ་མི་ཊར་༡༢ དེ་ཅིག་ དུས་ཚོད་པར་ བསྒྲུབ་མི་ཚུགས་ནི་ཨིན་རུང་ ས་བཅད་ནིའི་ལཱ་ཚུ་ འབད་ཚར་ནུག་ཟེར་ཞུ་ཡི།
མ་གཞི་ ཌན་ཊག་གིས་ ས་སྙོམས་ནིའི་ལཱ་ཚུ་ འབད་ཚར་ནི་ཨིན་རུང་ ཀི་ལོ་མི་ཊར་༡༢ འབད་མི་ལམ་ རྩི་ནག་གཏང་ནི་དེ་ དུམ་གྲ་ཅིག་ ལུས་ནི་མས་ཟེར་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཞུ་ཡི།
བློན་པོ་གིས་ ད་ལྟོ་ཚུན་ ལམ་རྒྱ་སྐྱེད་འབད་བའི་སྐབས་ སྟབས་མ་བདེཝ་ཐོན་མི་དེ་ཡང་ ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་མང་ནི་དེ་གིས་ཨིན་རུང་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ལུ་ རྩ་འགེངས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *