རྒྱལ་ཁབ་ནང་ བྱེམ་ཚོང་འབྲེལ་འཐབ་མི་ལས་ བརྒྱ་ཆ་༦༥ དེ་ཅིག་ ཤར་དར་བརྒྱད་ཀྱི་ ལུང་ཕྱོགས་ནང་ འབདཝ་ཨིན་པས།

ཤར་དར་བརྒྱད་ཀྱི་ ལུང་ཕྱོགས་ནང་ བྱེམ་ནག་ཚོང་།

༉ དབང་འདུས་ཕོ་བྲང་རིན་ཆེན་སྒང་གཡུས་ཚན་གྱི་མཇུག་ལུ་ སྤུ་ན་གཙང་ཆུའི་མཐའ་མར་ ས་ཁོངས་ཆུང་ཀུ་དེ་ནང་ དྲོ་པ་ཆུ་ཚོད་༧ ལས་ ཕྱི་རུའི་ཆུ་ཚོད་༧ ཚུན་ བདུན་ཕྲག་ཅིག་ནང་ ཉིན་གྲངས་༦ གི་རིང་ བྱེམ་བཏོན་ནིའི་ ལཱ་འབདཝ་ཨིན་པས།
ས་ཁོངས་དེ་ནང་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཊཱག་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབདཝ་བཞིན་དུ་ བྱེམ་དབོག་སྟེ་ སྣུམ་འཁོར་ཊཱག་ནང་བཙུགས་མི་ ས་བརྐོ་འཕྲུལ་ཆས་ཀྱིས་ ཊཱག་༡ ནང་ བྱེམ་བཀངམ་ད་ དུས་ཡུན་སྐར་མ་༥ དེ་ཅིག་ འགོར་དོ་ཡོདཔ་ད་ བྱེམ་མང་ཤོས་ར་ ཐིམ་ཕུག་དང་ སྤ་རོ་ལུ་ སྐྱེལ་འདྲེན་འབདཝ་ཨིན་པས།
དེ་འབདཝ་ད་ ས་ཁོངས་དེ་ནང་ལས་ བྱེམ་འབག་མི་ཊཱག་ཚུ་ ཐིམ་ཕུག་ ཡང་ཅིན་ སྤ་རོ་ཁ་ཐུག་ལུ་ འགྱོ་དོ་ཡོད་རུང་ ལམ་བར་ན་ལས་ ཚོང་འབྲེལ་འཐབ་སྟེ་ འབག་འགྱོ་དགོ་པའི་ ས་ཁོངས་ནང་ ཊཱག་ལེ་ཤ་ཅིག་ར་ མི་ལྷོད་དོ་ཡོདཔ་ཨིན་པས།

བྱ་ངན་འཐབ་དགོ་པའི་གནད་དོན།
འདས་པའི་ལོ་ཚུ་ནང་ ཁྲོམ་སྡེ་ཚུ་གི་ནང་ལས་ བཟོ་སྐྲུན་རྒྱ་ཆེཝ་འབད་མི་ ཐིམ་ཕུག་དང་ སྤ་རོ་ལུ་ ཁྲིམས་འགལ་ཐོག་ བྱེམ་བཀྲམ་སྤེལ་འབད་མི་ མངམ་ཐོན་ནུག།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཐོ་དང་འཁྲིལཝ་ད་ དུས་ཅི་ ཐིམ་ཕུག་རྐྱངམ་གཅིག་ལུ་ར་ བཟོ་སྐྲུན་གསརཔ་ཁག་༢,༥༠༠ འབད་བའི་བསྒང་ཡོདཔ་བཞིན་དུ་ གནང་བ་དང་འཁྲིལ་ ལས་འཛིན་གྱིས་ བྱེམ་བཀྲམ་སྤེལ་འབདཝ་ཨིན་པས།
སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ ཡར་འཕར་འགྱོ་མི་དང་བསྟུན་ བྱེམ་གྱི་མཁོ་འདོད་ཡང་ མངམ་ཐོན་དོ་ཡོད་རུང་ ལས་འཛིན་གྱི་ ལམ་ལུགས་དང་འཁྲིལཝ་ད་ ཁྱིམ་རྐྱབ་མི་རེ་ལུ་ བདུན་ཕྲག་ཅིག་ནང་ བྱེམ་ཊཱག་དོ་རེ་ལས་ལྷག་ བྱིན་མི་ཆོག་པས།
ཁྱིམ་རྐྱབ་མི་ཚུ་གིས་འབད་བ་ཅིན་ ལམ་ལུགས་དེ་ལུ་བརྟེན་ ལཱ་གི་གྲུབ་འབྲས་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིནམ་ད་ ལྕང་སྒང་ཁ་ལུ་ ཐོག་ཚད་༣ འབད་མི་ སྒྲིང་ཁྱིམ་རྐྱབ་མི་ ཀརྨ་ཚེ་དབང་གིས་ སླབ་མིའི་ནང་ བྱེམ་ཊཱག་དོ་༡ ཉིནམ་༢ ནང་ རྫོགས་དོ་ཡོདཔ་མ་ཚད་ འབོར་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་པ་ཅིན་ ཉིནམ་༡ ནང་ར་ རྫོང་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བྱེམ་དེ་རྫོགས་པའི་བསྒང་ལས་ ལས་མི་ཚུ་ ལཱ་མེད་པར་ སྡོད་དགོཔ་ད་ ལས་མིའི་གླ་ཆ་ཡང་ ཐེབས་གནསཔ་མས་ཟེར་ཨིནམ་ད་ སྤྱིར་བཏང་ལུ་ ཁང་ཚན་༢ དང་ ཐོག་ཚད་༣ འབད་མི་སྒྲིང་ཁྱིམ་ཅིག་ རྐྱབ་པ་ཅིན་ བྱེམ་ཊཱག་དོ་༣༠ དེ་ཅིག་ དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ ལས་ བྱེམ་གྱི་དབང་ཚད་དེ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་རུང་ བཟོ་སྐྲུན་འབད་མི་ཚུ་གིས་ ཐབས་ཤེས་གནས་སྐབས་ཐོབ་ཡོད་མི་དེ་ཡང་ ཊཱག་བཏང་མི་དང་ བར་འབྲེལ་བ་ལ་སོགས་པ་ བྱེམ་བཀྲམ་སྤེལ་འབད་མི་གཞན་ཡོདཔ་ཨིན་པས།
བྱ་ངན་འཐབ་ཐངས།
བྱ་ངན་གཞན་བཟུམ་སྦེ་ ལས་སྣ་ཚུ་ ནུབ་མོར་འཐབ་དོ་ཡོདཔ་ད་ དེ་ཡང་ བྱེམ་འབག་འོང་མི་ཊཱག་ཚུ་ གཞུང་ལམ་བདའ་སྟེ་ སྒུག་སྡོད་ཞིནམ་ལས་ རིན་ཆེན་སྒང་ལས་ ཐིམ་ཕུག་ཁ་ཐུག་ལུ་ ནུབ་མོར་རྐྱངམ་གཅིག་ འོང་དོ་ཡོདཔ་ཨིན་པས།
རྡོ་སྐྱོང་ལ་དང་ ལམ་དཔལ་རིའི་ གཞུང་ལམ་གྱི་ ས་གོ་ལ་ལོ་ཅིག་ནང་ ཊཱག་སྟོངམ་དང་གཞན་ཚུ་ གཡིབ་སྡོད་དོ་ཡོདཔ་ད་ བྱེམ་འབག་འོང་མི་ ཊཱག་༧ དང་༨ དེ་ཅིག་ སྡེ་ཚན་སྦེ་ འགྲུལ་སྐྱོད་ཐོག་ ས་གནས་སྤྱ་བཤེད་སྒང་ས་ལུ་ལྷོདཔ་ད་ བྱེམ་ཚུ་ ཊཱག་སྟོངམ་ཚུ་ནང་ བགོ་བཤའ་རྐྱབ་བྱིན་ཞིནམ་ལས་ ཊཱག་༢ དེ་ཅིག་གི་བྱེམ་ཚུ་ གསང་བའི་ཐོག་ལས་བཙོངམ་ད་ དུས་རྒྱུན་གྱི་ གོང་ཚད་ལས་ ལོག་ལྟབ་ཐོབ་ཨིན་པས།
ཊཱག་ཚུ་ ལྷུང་མཚོ་ཞིབ་དཔྱད་སྒོ་ར་ནང་ལྷོདཔ་ད་ ཡིག་ཆ་ཡོད་མི་ཚུ་ ཧེ་མ་འགྱོ་བཅུག་སྟེ་ གཞན་ཚུ་ ཡུན་རིངམོ་སྦེ་ སྒུག་སྡོདཔ་ཨིན་པས།
ཊཱག་གི་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཡིག་ཆ་མེད་མི་ཊཱག་ཚུ་ མང་ཤོས་ར་ ནུབ་མོའི་ཆུ་ཚོད་༢ དེ་ཅིག་ལུ་ སྲུང་རྒྱབ་ཚུ་ ཉལ་སྡོདཔ་ད་དང་ ལཱ་གཞན་ལུ་བརྟེན་ འདུ་འཛི་ཅན་སྦེ་སྡོདཔ་ད་ འགྱོ་དོ་ཟེར་ཨིནམ་ད་ གལ་སྲིད་ མཐོང་པ་ཅིན་ རྟིང་བདའ་འོང་མི་ སྣུམ་འཁོར་ཡོད་མེད་ཡང་ བལྟ་དོ་ཟེར་ཨིན་པས།
ནགས་ཚལ་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ སྲུང་རྒྱབ་དེ་ ཨམ་སྲུ་ཨིན་པ་ཅིན་ ཤུགས་གུ་བཀལ་ཏེ་ སྒུག་མ་བཏུབ་པར་ འགྱོ་དོ་ཡོདཔ་མ་ཚད་ ཊཱག་མང་ཤོས་ར་ སྲུང་རྒྱབ་ཉལ་སྡོདཔ་ད་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚར་གཅིག་འབདཝ་ད་ འཁོར་ལོ་༡༠ འབད་མི་ ཊཱག་ཅིག་གིས་ སྒོ་ར་ནང་ལས་ བཙན་འཛུལ་ཡར་སོཔ་ལས་ ཁོ་རའི་སྣུམ་འཁོར་བདའ་སྟེ་ ཆ་རོགས་དག་པ་ཅིག་ རྟིང་བདའ་འགྱོཝ་ད་ ཊཱག་དེ་གིས་ ཁོ་ཆ་ཁྱབ་ ལམ་འོག་ལས་མར་ འཐུ་བཀོག་ནི་ར་ འབད་ཡི་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནས་སྟངས་གཞན་ནང་ དེད་གཡོགཔ་ཚུ་གིས་ སྲུང་རྒྱབ་པའི་ཁྱིམ་ ཕྱི་ཁ་ལས་ རྣལ་ལྕགས་རྐྱབ་མ་ཚད་ ལ་ལོ་གིས་ སྣུམ་འཁོར་འཁོར་ལོའི་རླུངམ་ བཏོན་བཏངམ་མས་ཟེར་ཨིན་པས།
རིན་ཆེན་སྒང་ལུ་ཡོད་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤུ་ན་གཙང་ཆུ་མཐའམ་བདའ་སྟེ་ ས་ཁོངས་ཆུང་ཀུ་ཚུ་ནང་ལས་ བྱེམ་བསྡུ་བསྒྱོམ་འབད་མི་ ཊཱག་གི་དེད་གཡོགཔ་དག་པ་ཅིག་ ཡོདཔ་མ་ཚད་ གྲོང་གསེབ་ཀྱི་དོན་ལུ་ ལག་ལེན་འཐབ་དགོ་མི་བྱེམ་ཡང་ གསང་བའི་ཐོག་ལས་ བཙོངམ་མས་ཟེར་ཨིན་པས།
ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ ནགས་ཚལ་དང་ རང་བཞིན་སྲུང་སྐྱོབ་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༧ ཅན་མ་དང་འཁྲིལཝ་ད་ ཁྲམ་ཡོད་མི་ སའི་ཇོ་བདག་ཚུ་གིས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ཡི་གུ་ལེན་ཞིནམ་ལས་ རང་སོའི་ས་གོ་ནང་ལས་ བྱེམ་གྱི་ཚོང་འབྲེལ་འཐབ་ཆོག་ནི་ཨིན་པས།
དེད་གཡོགཔ་ཚུ་གིས་ ཐིམ་ཕུག་ཊཱག་བཞག་སའི་ ས་ཁོངས་ཚུ་ནང་ ཊཱག་དོ་ཚུ་ ཆུ་ཤོག་ཧོནམ་གིས་ སྤུབས་ཞིནམ་ལས་ འགྲུལ་འཕྲིན་ནང་ གོང་ཚད་སྒྲིག་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ གོང་ཚད་དེ་ བྱེམ་ཊཱག་དོ་༡ ཐིམ་ཕུག་ཚུན་བསྐྱལཝ་ད་ དངུལ་ཀྲམ་༧,༠༠༠ དེ་ཅིག་ཨིན་རུང་ ཚུལ་མིན་ཐོག་བཙོངམ་ད་ དངུལ་ཀྲམ་༡༣,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
བྱ་ངན་དེ་ནང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་ཡང་ འབྲེལ་གཏོགས་འབད་ཡོདཔ་ལས་ འཛིན་སྐྱོང་པའི་འགོ་དཔོན་༢ བརྩིས་ཏེ་ ལས་བྱེདཔ་༤ བཏོན་བཏང་ཡོདཔ་ཨིན་པས།
ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ལམ་ལུགས་གསརཔ་བཙུགས་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ གནས་སྟངས་དེ་ ད་ལས་ཕར་ དུམ་གྲ་ཅིག་ ལེགས་ཤོམ་འགྱོ་འོང་ཟེར་ཨིན་པས།
དེ་ལས་ འཛིན་བཟུང་འབད་མི་ སྣུམ་འཁོར་ཚུ་ལས་ ཉེས་འཐུས་དངུལ་ཀྲམ་༣,༠༠༠ ལེནམ་ཨིན་རུང་ བྱེམ་འཕྱོག་བཟུང་མ་འབད་བར་བཞག་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཐིམ་ཕུག་རྫོང་ཁག་ནགས་ཚལ་གཙོ་འཛིན་ རྒྱལ་མཚན་གྱིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ ད་ལས་ཕར་ བདའ་ཟུན་མི་ ཅ་ཆས་ཚུ་ འཕྱོག་བཟུང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
འགོ་ཐོག་སྐབས་ ས་ཁོངས་དེ་ནང་ལས་ ཉིནམ་རེ་ལུ་ བྱེམ་ཊཱག་དོ་༥༠ དང་༦༠ གི་བར་ན་ བཀྲམ་སྤེལ་འབད་ནིའི་ དམིགས་གཏད་བསྐྱེད་ཡོད་རུང་ ད་རེས་ མཁོ་འདོད་བཀོད་མི་ མངམ་ཐོན་མི་ལུ་བརྟེན་ ཉིན་བསྟར་བཞིན་དུ་ ཊཱག་དོ་༡༢༠ དང་༡༣༠ གི་བར་ན་ བཀྲམ་སྤེལ་འབདཝ་མ་ཚད་ གནམ་དགུན་ལུ་ ཊཱག་དོ་༢༠༠ དང་༢༣༠ ཚུན་ ཡར་སེང་འགྱོཝ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *