ཤ་རིགས་མེད་པའི་ བཞེས་སྒོ་འབད་ནི་ལུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ ལོ་ངོ་༡༦ གི་ཧེ་མར་ སྐྱེས་ལོ་༤༥ ལང་མི་ ཚེ་རིང་གཡང་འཛོམས་ཀྱིས་ ཤ་བཟའ་སྤྱོད་འབད་ནི་ བཞག་ནི་སྦེ་ ཐག་བཅད་པའི་སྐབས་ ལཱ་ཁག་བཏང་ཡོདཔ་ཨིན་པས།

ཚེ་རིང་གཡང་འཛོམས་དེ་ སྤ་རོ་བྱང་སྒོ་ཐང་ལས་ཨིནམ་ད་ མོ་གིས་འབད་བ་ཅིན་ འབྲུག་པའི་བཞེས་སྒོ་ མང་ཤོས་ཅིག་ནང་ ཤ་ཡོདཔ་མ་ཚད་ རང་སོའི་ཁྱིམ་ནང་ མགྱོནམ་འོང་པའི་སྐབས་ ཤ་བྱིན་ཚུགས་པ་ཅིན་ བཞེས་སྒོ་རྡིག་ཡོདཔ་སྦེ་ བརྩི་འཇོག་འབདཝ་མས་ཟེར་ཨིན་པས།

མོ་ར་ ཤ་མི་ཟ་ནི་སྦེ་ ཐག་བཅད་མི་དེ་ཡང་ སེམས་ཅན་ལུ་ སྙིང་རྗེ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཨ་ལོ་༢ ཀྱི་ ཨའི་གིས་ བཤད་པའི་ཁར་ མོ་རའི་རྨགཔ་གིས་ ཁྱིམ་ནང་ སེམས་ཅན་སྲོག་བཅད་མིའི་ ཤ་འབག་འོངམ་ད་ ན་ཟུག་སྦོམ་སྦེ་ར་ རྐྱབ་མས་ཟེར་ བཤདཔ་ཨིན་པས།

གཞུང་མིན་ལས་ཚོགས་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་ལས་ ཚེ་རིང་གཡང་འཛོམས་ཀྱིས་ སླབ་མིའི་ནང་ མོ་རའི་ནང་མི་ བཟའ་ཚང་ཚུ་གིས་ བྱ་རྒྱུད་ཀྱི་ བཞེས་སྒོ་དེ་ར་ གདམ་ཁ་རྐྱབ་ཨིན་ཟེར་ཨིན་པས།

འདས་པའི་བདུན་ཕྲག་༢ ནང་ སྤ་རོ་ལུ་སྦེ་ མོ་གིས་ ཆ་རོགས་གཞན་༢༩ དང་གཅིག་ཁར་ ཤ་མ་ཟ་མི་ཚུ་གི་དོན་ལུ་ བཞེས་སྒོ་འབད་ཐངས་ ལྷབ་ཡོདཔ་ད་ ཚོད་བསྲེ་ཚུ་གིས་ བཞེས་སྒོ་མ་འདྲཝ་སྦེ་ འབད་ནི་གི་ ལྷབ་སྦྱང་འབད་ཡི་ཟེར་ བཤདཔ་ཨིན་པས།

ད་ལས་ཕར་ ང་གིས་ ནང་མི་བཟའ་ཚང་དང་ ཆ་རོགས་ དེ་ལས་ མི་སེར་ཚུ་ལུ་ ཤ་མེད་པའི་ བཞེས་སྒོ་ཚུ་ བྱིན་ནི་དང་ ཤ་ཟ་ནི་སྤང་སྟེ་ ཚོད་བསྲེའི་རིགས་ བཟའ་སྤྱོད་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་འོང་ཟེར་ ཚེ་རིང་གཡང་འཛོམས་ཀྱིས་ བཤདཔ་ཨིན་པས།

དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གིས་ ཐབ་ཚང་ཆུང་ཀུ་ཅིག་ནང་ འགོ་འདྲེན་འཐབ་མི་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཚོད་བསྲེ་བཏོགཔ་མ་ཚད་ བཞེས་སྒོ་འབད་སར་ མཐོངམ་ཨིན་པས།

བཅའ་མར་གཏོགས་མི་ཚུ་ཡང་ གདོང་ཁེབས་དཀརཔོ་དང་ ཞྭམོ་ཧོནམ་འཚམས་ཅིག་བཙུགས་ཏེ་ བཞེས་སྒོ་འབད་སར་མཐོངམ་ད་ ཁྱད་རིག་ལྡན་པའི་ ཐབ་དཔོན་བཟུམ་སྦེ་ མཐོང་གསལ་བྱུངམ་ཨིན་པས།

སྐྱེས་ལོ་༣༤ ལང་མི་ པ་སངས་རྒྱལ་མོ་གིས་ སླབ་མིའི་ནང་ མོ་ར་ ཤ་མ་ཟ་མི་ཚུ་གི་དོན་ལུ་ བཞེས་སྒོ་འབད་མི་ ཐབ་དཔོན་འབད་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ ཨ་ལོ་༡ གི་ཨའི་དེ་ འདས་པའི་ལོ་༨ ཀྱི་རིང་ ཟ་ཁང་ཅིག་ནང་ ལཱ་འབད་མི་ཅིག་ཨིན་རུང་ ནད་ཡམས་ལུ་བརྟེན་ ལཱ་བྱང་ཡོདཔ་ཨིན་པས།

མོ་ར་ ཤ་མ་ཟ་བར་ ལོ་ངོ་བཅུ་ཕྲག་ལང་ཡོདཔ་ད་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གི་ འཐུས་མི་ཅིག་ཨིནམ་ད་ སྦྱོང་བརྡར་གྱི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་སྡེ་ཚན་ལས་ ཤེས་རྟོགས་བྱུང་པའི་ཤུལ་ལས་ གོ་སྐབས་ལེན་ཡི་ཟེར་ པ་སངས་རྒྱལ་མོ་གིས་ བཤདཔ་ཨིན་པས།

མོ་གིས་ ནང་མི་བཟའ་ཚང་ཚུ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ ཆ་རོགས་འབད་དོ་ཡོདཔ་ད་ མོ་རའི་རྨགཔ་དེ་ཡང་ ལྟ་བཤལ་ལས་སྡེ་ཅིག་ནང་ ལཱ་འབད་མི་ཅིག་ཨིན་རུང་ ལཱ་བྱང་ཡོདཔ་ལས་ ད་རེས་ བཟོ་སྐྲུན་ལས་སྡེ་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ བདུན་ཕྲག་༢ ཀྱི་ སྦྱོང་བརྡར་ལུ་བརྟེན་ ལྷབ་སྦྱང་ལེ་ཤ་ཅིག་ར་ འབད་ཡོད་པའི་ཁར་ བྱ་རྒྱུད་ཀྱི་ བཞེས་སྒོ་རྐྱངམ་གཅིག་མེན་པར་ པི་ཟ་ལ་སོགས་པའི་ མགྱོགས་ཟས་བཞེས་སྒོ་ཚུ་ཡང་འབད་ནི་ ལྷབ་ཅི་ཟེར་ཨིན་པས།

ཨ་ལོ་༡ གི་ཨའི་གིས་ བཤད་མིའི་ནང་ སྤ་རོ་ལུ་ ཤ་མེད་པའི་ ཟ་ཁང་ཅིག་ སྒོ་ཕྱེ་ནི་གི་ རེ་བ་ཡོད་རུང་ ཡུན་བརྟན་ག་དེ་སྦེ་འོང་ག་ ཚ་གྱང་ཡོད་ཟེར་ཨིནམ་ད་ ནད་ཡམས་ལུ་བརྟེན་ གནོད་སྐྱོན་རྐྱབ་མི་ཚུ་ལུ་ དངུལ་འབྲེལ་ལས་ཁང་ཚུ་གིས་ རྒྱབ་སྐྱོར་འབད་བའི་སྐོར་ལས་ ཤེས་རྟོགས་མེདཔ་ཨིན་པས།

སྤ་རོ་དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གི་ མཉམ་འབྲེལ་པ་ བསོད་ནམས་བཟང་མོ་གིས་ ཤ་མི་ཟ་ནི་གི་ སེམས་ཤུགས་བསྐྱེད་ཐབས་ལུ་ སྦྱོང་བརྡར་པ་ཚུ་གིས་ སྡེ་ཚན་བཟོ་ཐོག་ལས་ སྨོན་ལམ་ཆེན་མོ་དང་ ལས་རིམ་གཞན་ཚུ་ནང་ བཞེས་སྒོ་འབད་ནི་ལུ་ ཁས་བླངས་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅན་ སྦྱོང་བརྡར་གྱི་ དམིགས་ཡུལ་གཙོ་བོ་ར་ མི་ཚུ་ལུ་ ཤ་ཟ་ནི་ སྤང་བཅུག་ཞིནམ་ལས་ ཚོད་བསྲེའི་རིགས་ཚུ་ བཟའ་སྤྱོད་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་དང་ ཚོད་བསྲེའི་བཞེས་སྒོ་ རིགས་མ་འདྲཝ་ ལེ་ཤ་ཡོད་པའི་སྐོར་ སྟོན་ཐབས་ལུ་ཨིན་ཟེར་ཨིན་པས།

སྦྱོང་བརྡར་ནང་ ཤ་ཟ་མི་ཚུ་ཡང་ བཅའ་མར་གཏོགས་ཡོདཔ་ད་ འཕྲིན་ལས་རྒྱ་མཚོ་དེ་ རིན་སྤུངས་རབ་སྡེ་གྲྭ་ཚང་ནང་ ཐབ་ཚངཔ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་གིས་ ཤ་རིགས་ཟ་དོ་ཡོད་རུང་ གྲྭ་ཚང་ནང་ བྱ་རྒྱུད་ཀྱི་ བཞེས་སྒོ་ཚུ་ འབད་དོ་ཟེར་ཨིན་པས།

སྐྱེས་ལོ་༢༧ ལང་མི་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་བཟུམ་མའི་ ཐབ་ཚངཔ་ཚུ་ལུ་ དེ་བཟུམ་མའི་ སྦྱོང་བརྡར་དེ་ དགོས་མཁོ་ཡོད་པའི་ཁར་ དགེ་སློང་ཚུ་ལུ་ ཚོད་སྲེའི་བཞེས་སྒོ་ཞིམ་ཏོག་ཏོ་ འབད་ནི་ལུ་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་པས།

མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ཐོག་ལས་ སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་མི་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་ནང་ ད་རེས་ རྒྱལ་ཁབ་ནང་འཁོད་ལས་ འཐུས་མི་༡༠,༠༠༠ དེ་ཅིག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *