ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ།

ཤ་ཡེན་ཟེར་མི་ ཡུན་བརྟན་མགྲོན་སྐྱོང་ཚོང་འབྲེལ་ལས་རིམ་ འགོ་བཙུགས་ཡོདཔ།

༉ ཤར་ཕྱོགས་རྫོང་ཁག་༧ ནང་ ལྟ་བཤལཔ་ཚུ་ འོང་བཅུག་ནིའི་དོན་ལུ་ གཙོ་རིམ་དམིགས་ཏེ་ རང་བཞིན་ཚོང་འབྲེལ་གྱིས་བརྩིས་པའི་ ཤ་ཡེན་ཟེར་མི་ ཡུན་བརྟན་མགྲོན་སྐྱོང་ཚོང་འབྲེལ་ལས་རིམ་དེ་ བསྟན་རྒྱས་ལྷན་ཁག་གིས་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ བུམ་ཐང་ཆུ་སྨད་-ཨ་རུའི་འཐུས་མི་ ཀརྨ་དབང་ཕྱུག་གིས་ ལྟ་བཤལ་སྲིད་བྱུས་གསརཔ་དང་འཁྲིལཝ་ད་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་ཚུ་ལྷོད་མི་ཚུགས་དོ་ཡོདཔ་ལས་ ལུང་ཕྱོགས་འདྲ་མཉམ་བཟོ་ནིའི་དོན་ལུ་ གཞུང་གིས་ ཐབས་ལམ་ག་ཅི་ར་ བཏོན་ཡོད་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ཞུ་ཡི།
འཐུས་མི་ཀརྨ་དབང་ཕྱུག་གིས་ ཞུ་མིའི་ནང་ སྲིད་བྱུས་གསརཔ་བརྩམས་ཏེ་ འཐུས་ཡར་སེང་འབད་མི་ལུ་བརྟེན་ ཉིནམ་ལེ་ཤ་སྦེ་ འོང་མི་ཚུགས་ནི་ཨིན་རུང་ ད་རེས་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ ཧེ་མ་བཟུམ་སྦེ་ ལྟ་བཤལཔ་ཚུ་ ལྷོད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ལྟ་བཤལ་གྱི་ ལམ་སྟོན་དང་འཁྲིལ་ཏེ་ ཐི་རི་ཨིས་ཊར་ཡན་ཆད་འབད་མི་ ཟ་ཁང་ཚུ་ནང་ ཉལ་ཁང་ལ་སོགས་པའི་མཐུན་རྐྱེན་ཚུ་ གོང་འཕེལ་དང་ ཡར་དྲག་གཏང་དགོ་ནི་དེ་གིས་ ཟད་འགྲོ་ལེ་ཤ་གནས་ཡོདཔ་ལས་ ལྟ་བཤལཔ་འོང་ནི་མེད་པ་ལུ་བརྟེན་ གྱོང་རྒུད་འབག་སྟེ་སྡོད་པའི་ གནས་སྟངས་ནང་ ལྷོད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལ་དང་འབྲེལ་བའི་ ལཱ་འབད་མི་ག་ར་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ཡང་ ལྷོད་ཚུགསཔ་བཟོ་ནིའི་དོན་ལུ་ ཐབས་ཤེས་ག་ཅི་ར་ སྒྲིག་ཡོད་ག་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡར་སེང་མ་འབད་བའི་ཧེ་མར་ འཐུས་ཡུ་ཨེསི་ཌོ་ལར་༦༥ སྦེ་སྡོད་རུང་ ཤར་ཕྱོགས་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ ལྟ་བཤལཔ་ཚུ་ དེ་ཅིག་མ་འགྱོ་བའི་ཁར་ གཞུང་༢ པའི་སྐབས་ འཐུས་སྤྲོད་མ་དགོ་པའི་ ཐབས་ལམ་བཏོན་རུང་ བརྒྱ་ཆ་༢ དང་༣ དེ་ཅིག་ལས་ མ་འགྱོ་བས་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ད་ལྟོ་ཚུན་ ལྟ་བཤལཔ་ག་དེམ་ཅིག་འོང་རུང་ ནུབ་ཕྱོགས་ཁ་ཐུག་ལུ་ མང་སུ་དང་ ཤར་ཕྱོགས་དང་ ལྷོ་ཕྱོགས་ལུ་ ཉུང་སུ་ཅིག་སྦེ་ར་ སྡོད་ནུག་ཟེར་ཨིནམ་ད་ འཛམ་གླིང་ནང་ ལྟ་བཤལཔ་དང་འབྲེལ་བའི་ ལས་རིམ་ལ་སོགས་པ་ མང་སུ་ཡོད་སར་ འགྱོ་ནི་མ་གཏོགས་ རྫོང་ཁག་ག་རའི་ནང་ ཁྱབ་དགོ་པའི་ སྲིད་བྱུས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ལྟ་བཤལཔ་ཚུ་ སྤོ་རོ་དང་ ཡང་ཅིན་ ཕུན་ཚོགས་གླིང་ལས་ འཛུལ་དགོཔ་ལས་ གཞུང་གིས་ སྲིད་བྱུས་གསརཔ་དང་འཁྲིལ་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ དེ་ལས་ བསམ་རྩེ་༣ ལྟ་བཤལ་གྱི་དོན་ལུ་ སྒོ་ཕྱེ་ཡི་ཟེར་ཨིན་པས།
འབྲུག་གཞུང་གྲ་སྒྲིག་ཡོད་རུང་ རྒྱ་གར་གཞུང་དེ་ གྲ་སྒྲིག་མེད་ནི་དེ་གིས་ དེ་ཚུའི་ནང་ལས་ འཛུལ་མ་ཚུགས་རུང་ འཛུལ་སྒོ་དེ་ཚུའི་ནང་ལས་ ལེགས་ཤོམ་སྦེ་ འཛུལ་བའི་སྐབས་ ལྟ་བཤལཔ་ཚུ་ རྫོང་ཁག་ག་རའི་ནང་ ལྷོད་ཚུགས་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ རྒྱལ་སྤྱིའི་གནམ་གྲུ་ཐང་ཅིག་བཟོ་ནིའི་ འཆར་གཞི་བཟོ་དོ་ཡོདཔ་བཞིན་དུ་ གནམ་ཐང་དེ་ དགེ་ལེགས་ཕུག་དང་ ཡང་ཅིན་ མོང་སྒར་བཟུམ་ཅིག་ནང་ བཟོ་ཚུགས་པ་ཅིན་ ཕན་སྦོམ་ཐོགས་འོང་ཟེར་ཨིནམ་ད་ བསྟན་རྒྱས་ལྷན་ཁག་གིས་ ཤར་ཕྱོགས་རྫོང་ཁག་༧ ནང་ ལྟ་བཤལཔ་ཚུ་ འོང་ནིའི་དོན་ལུ་ ཤ་ཡེན་ཟེར་མི་ ལས་རིམ་ཅིག་ འགོ་བཙུགས་ཡི་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ལས་རིམ་དེ་ རྫོང་ཁག་༧ ལུ་ གཙོ་རིམ་དམིགས་ཏེ་ བཟོ་དོ་ཡོདཔ་ལས་ ལོ་༥ འི་དོན་ལུ་ ཡུ་རོ་ས་ཡ་༢.༣ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་བཞིན་དུ་ ཡུ་ཨེན་ཌི་པི་གིས་ འཛམ་གླིང་རི་དྭགས་སེམས་ཅན་གྱི་ ལས་རིམ་ཐོག་ལས་ བཀྲིས་གཡང་རྩེ་ ལྷུན་རྩེ་ བཀྲིས་སྒང་ མོང་སྒར་དང་ གཞལམ་སྒང་ཚུ་ནང་ ལས་རིམ་ཚུ་ ཤུགས་བཏོན་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༤.༨ དེ་ཅིག་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་ཚུ་ནང་ ལྟ་བཤལ་ནི་ལ་སོགས་པའི་ལས་རིམ་དང་ མཐུན་རྐྱེན་ཚུ་བཟོ་བ་ཅིན་ ལྟ་བཤལཔ་ཚུ་ འོང་ནི་ཨིནམ་ལས་ རྫོང་ཁག་ཚུ་ལུ་ཡང་ འགན་ཁུར་ཕོག་ཟེར་ཨིནམ་ད་ གཟུགས་ཁམས་ལེགས་ཤོམ་བཟོ་ནིའི་ ཚ་ཆུ་དང་ སྨན་ཆུ་ལ་སོགས་པའི་ གོ་སྐབས་ཡང་ ལེ་ཤ་འདུག་ཟེར་ཨིན་པས།
ཤར་ཕྱོགས་ཁ་ཐུག་ལུ་ གཞུང་ལམ་བདའ་སྟེ་ ལྟ་བཤལཔ་ཚུ་གི་དོན་ལུ་ ངལ་འཚོ་ས་དང་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་༨ དེ་ཅིག་ བཟོ་ཡོདཔ་བཞིན་དུ་ ལྟ་བཤལཔ་ཚུ་ རྫོང་ཁག་ག་ཏེ་འགྱོ་རུང་ ཁོང་ལས་ མ་དངུལ་བསྡུ་ལེན་འབད་མི་ཚུ་ སྤྱིར་བཏང་རྫོང་ཁག་རའི་ མི་སེར་ཚུ་ལུ་ ཕན་ཐོགས་ཐབས་ལུ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ཤར་ཕྱོགས་རྫོང་ཁག་༧ ནང་ ཐི་རི་ཨིས་ཊར་ཡན་ཆད་འབད་མི་ ཟ་ཁང་མིན་འདུག་ཟེར་ཨིནམ་ད་ ལྟ་བཤལཔ་ཚུ་ ད་ལྟོ་ཡོད་པའི་ ཟ་ཁང་ཚུ་ནང་ སྡོད་རུང་བཏུབ་ཟེར་ ཞུ་བ་ཡང་ འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *