ཌོག་ཊར་ཨང་པཱོན་ལེཊ་གི་ གསལ་བཤད་ལས་རིམ་ནང་ བཅའ་མར་གཏོགས་མི་གསོ་བའི་འགོ་དཔོན་དང་ ལས་བྱེདཔ་ཚུ།

ཤ་ཉམས་རྒྱགས་པ་ཅིན་ ནད་གཞི་མ་འདྲཝ་ཚུ་ འཐོབ་ནིའི་ཉེན་ཁ་ཡོདཔ།

༉ སྤྱིར་བཏང་འབྲུག་མི་ཚུ་གི་ ལོ་ཚད་དེ་ སྐྱེས་ལོ་༧༠ དེ་ཅིག་ལས་བརྒལ་ ཐུབ་མ་ཚུགས་མི་དེ་ བཞེས་སྒོ་བཅུད་ཅན་ལེགས་ཤོམ་སྦེ་ མ་སྤྱོདཔ་མ་ཚད་ ལུས་སྦྱོང་ལེགས་ཤོམ་མེད་པའི་ཁར་ ཉམས་ཚད་ལས་བརྒལ་ རྒྱགས་ནི་དེ་གིས་ཨིན་པས།
སིངྒ་པུར་ལུ་འབད་བ་ཅིན་ ཕོ་སྐྱེས་ཚུ་གི་ སྤྱིར་བཏང་ལོ་ཚད་ སྐྱེས་ལོ་༨༠ དང་ ཨམ་སྲུ་ཚུ་གི་ སྐྱེས་ལོ་༨༦ ཚུན་སྡོད་དོ་ཡོད་མི་དེ་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཤུགས་བཏོན་དོ་ཡོདཔ་མ་ཚད་ ལུས་སྦྱོང་འབད་ནི་དེ་གིས་ཨིན་ཟེར་ སིངྒ་པུར་ལས་ གཟུགས་ཁམས་འཕྲོད་བསྟེན་གྱི་མཁས་མཆོག་ ཌོག་ཊར་ཨང་པཱོན་ལེཊ་གིས་ ཁ་ཙ་ ཐིམ་ཕུག་ལུ་ གསོ་བའི་ལས་བྱེདཔ་དང་ འགོ་དཔོན་ཚུ་ལུ་ བཤད་ཅི།
ཌོག་ཊར་གྱིས་ སླབ་མིའི་ནང་ སིངྒ་པུར་ལུ་ མི་མང་ཤོས་ཅིག་ ཉམས་ཚད་ལས་བརྒལ་རྒྱགས་མི་དང་ སེམས་ཁམས་ནད་གཞི་ལུ་བརྟེན་ ཤི་རྐྱེན་བྱུང་དོ་ཟེར་ཨིནམ་ད་ དེ་བཟུམ་གྱི་ དཀའ་ངལ་དེ་ གདོང་ལེན་འབད་དགོ་པ་ཅིན་ ཉམས་རྒྱགས་བཅུག་ནི་ མི་འོང་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ བཞེས་སྒོ་མངམ་ ག་དེམ་ཅིག་ཟཝ་ཅིག་ ཉམས་རྒྱགས་ནི་ཨིནམ་ད་ ཉམས་རྒྱགས་པ་ཅིན་ འཚོ་བའི་གནས་སྟངས་དང་ འབྲེལ་བའི་ནད་གཞི་ ཚབས་ཆེན་གྱི་རིགས་ཚུ་ག་ར་ འཐོབ་ནིའི་ཉེན་ཁ་ཡོདཔ་ལས་ ཉམས་རྒྱགས་ནི་ལས་ བཀག་བཅུག་དགོ་ཟེར་ཨིན་པས།
གཟུགས་ཁམས་སྒྲིང་སྒྲི་སྦེ་ བཞག་དགོ་པ་ཅིན་ བཞེས་སྒོ་བཅུད་ཅན་རྐྱངམ་གཅིག་ཨིནམ་མ་ཚད་ གཟུགས་ཁམས་ལུ་དགོ་པའི་ ཝི་ཊ་མིན་ཟེར་མི་ཚུ་ དགོཔ་ཨིན་པའི་ནང་ལས་ ཝི་ཊ་མིན་ཌི་དེ་ གཙོ་བོ་ར་ ཉིམ་ལུ་བརྟེན་ཐོབ་དོ་ཡོདཔ་ལས་ འབྲུག་མི་ཚུ་གིས་ ཨ་རྟག་ར་ དུས་ཡུན་སྐར་མ་༡༥ དེ་ཅིག་རིང་ ཉིམ་བསྲོ་དགོ་ཟེར་ཨིན་པས།
ཉམས་རྒྱགས་པ་ཅིན་ མཆིན་པ་རྒྱགས་དོ་ཡོདཔ་ལས་ དེ་གིས་ ནད་གཞི་ཀེར་སར་འཐོབ་ནིའི་ཉེན་ཁ་ཡོདཔ་ལས་ བཞེས་སྒོ་དེ་ ཚད་ཅིག་སྦེ་ ཟ་དགོཔ་ཁག་ཆེ་ཟེར་ཨིནམ་ད་ ནད་གཞི་ཀེན་སར་ བཀག་ཐབས་འབད་ནིའི་དོན་ལུ་ གཟུགས་ཁར་རླུང་ལེགས་ཤོམ་འཛུལ་བཅུག་ནི་དང་ ཆུ་ག་དེ་དྲག་དྲག་འཐུང་ནི་ དེ་ལས་ ཤིང་འབྲས་དང་ཚོད་བསྲེའི་རིགས་ཚུ་ ཟ་དགོཔ་ཨིན་པས།
ཌོག་ཊར་ཨང་པཱོན་གྱིས་འབད་བ་ཅིན་ ཉམས་ཚད་ལས་བརྒལ་རྒྱགས་པ་ཅིན་ ཨམ་སྲུ་ཚུ་གི་གཟུགས་ཁར་ ཨ་ལུ་ ཆགས་ནི་ཡང་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད་ ད་རེས་ ཨམ་སྲུ་མང་ཤོས་ཅིག་གི་མངལ་ནང་ ཨ་ལུ་ཆགས་མ་བཏུབ་མི་དེ་ རྒྱུ་རྐྱེན་ངོ་མ་ཅིག་ ཉམས་ལུ་བརྟེན་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ མི་ཚུ་ ནད་ལས་བཀག་དགོ་པ་ཅིན་ ལུས་སྦྱོང་དེ་ ཁག་ཆེ་ཏོག་ཏོ་ཨིནམ་ཚད་ སྐྱེས་ལོ་༤༠ དེ་ཅིག་ ལང་པའི་བསྒང་ལས་ ལུས་སྦྱོང་དེ་ ཨིན་ཅི་མིན་ཅི་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ ལོ་ཚད་དེ་ཁར་ལྷོད་པའི་སྐབས་ གཟུགས་ཀྱི་སྟོབས་ཤུགས་ཉམས་ཏེ་ ནད་གཞི་མ་འདྲཝ་ལེ་ཤ་ འཐོབ་ནི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ ཌོག་ཊར་ཨང་པཱོན་དེ་ སིངྒ་པུར་ཐོམ་སོན་སྨན་བཅོས་ལྟེ་བའི་ནང་ ཐོམ་སོན་ཨ་ལོའི་ནད་ཀྱི་ མཁས་མཆོག་སྡེ་ཚན་ གཞི་བཙུགས་འབད་མི་དང་ ཁྲི་འཛིན་ཨིནམ་ད་ ཁོ་ར་ ཕུན་ཚོགས་གླིང་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ གསལ་བཤད་འབད་ནིའི་དོན་ལུ་ འོང་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *