འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ ལམ་གྱི་ཉེན་སྲུང་ཡར་དྲག་གཏང་ནི་དང་ བརྡ་བརྒྱུད་ཀྱི་འགན་ཁུར་ཟེར་བའི་བརྗོད་དོན་ཐོག་ ཞལ་འཛོམས་འཚོགས་པའི་བསྒང་།

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ ལོ་བསྟར་བཞིན་དུ་ སྣུམ་འཁོར་ཐུག་རྐྱེན་ནང་ མི་ས་ཡ་༠.༣༡༦ ལུ་ ཤི་རྐྱེན།

ད་རེས་ནངས་པར་ འཛམ་གླིང་མཐའ་དབུས་མེད་པར་ སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་ མི་ལུ་ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ ཁ་ཙ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ ལམ་གྱི་ཉེན་སྲུང་ཡར་དྲག་གཏང་ནི་དང་ བརྡ་བརྒྱུད་ཀྱི་འགན་ཁུར་ཟེར་བའི་ ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ བཤད་ཡོདཔ་ཨིན།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལུང་ཕྱོགས་གྲོས་སྟོན་པ་ ཌོག་ཊར་པ་ཏན་ཇ་ལི་ དེབི་ན་གར་གྱིས་ བཤད་མི་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་ མི་༣༡༦,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་སྦེ་ཨིན་པས།

དེ་ནང་ལས་ རྒྱ་གར་ལུ་ ལོ་བསྟར་བཞིན་དུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་ མི་༡༣༧,༥༧༢ ལུ་ ཤི་རྐྱེན་བྱུང་མི་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ མཐོ་ཤོས་ཨིན་མི་དེ་ཡང་ རྒྱ་གར་རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ མི་༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་སྦེ་ཨིན་པས།

ཁོ་གིས་འབད་བ་ཅིན་ གནད་དོན་དེ་གི་ཐད་ཁར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྤྲོ་བ་ལེན་ཏེ་ བརྡ་བརྒྱུད་དང་ འབྲེལ་ཡོད་ལས་སྡེ་དང་ དབང་འཛིན་ཚུ་ལུ་ གོ་དོན་སྤེལ་དགོ་མི་དེ་ཡང་ སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་ མི་ལུ་ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་དེ་གིས་ གསོ་བའི་ལས་སྡེ་ནང་ ཐོ་སྦོམ་ཕོག་དོ་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ གཞོནམ་འབད་ནི་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ཨིན་པས།

སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་ ཤི་རྐྱེན་དང་ ལ་ལོ་ཅིག་རྨ་སྐྱོན་ དེ་ལས་ ལ་ལོ་ཅིག་ དབང་པོ་ལུ་སྐྱོན་རྐྱབ་མི་དེ་གིས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་༣ ལས་༥ འི་བར་ན་ ཐོ་ཕོག་དོ་ཡོདཔ་སྦེ་ ཌོག་ཊར་པ་ཏན་ཇ་ལི་གིས་ སླབ་ཨིན་པས།

སྣུམ་འཁོར་ཐུག་རྐྱེན་དེ་ཡང་ མང་ཤོས་ཅིག་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ འགྲུལ་འཕྲིན་མོ་བཱལ་ལག་ལེན་འཐབ་མི་ ལམ་གྱི་གནས་སྟངས་སྐྱོ་དྲགས་ཡོད་མི་ གནས་གཤིས་གནས་སྟངས་ལེགས་ཤོམ་མེད་མི་ གློ་བུར་གྱི་ཅ་ཆས་མེད་མི་ ལམ་ལུགས་ལུ་མ་གནས་པར་ སྣུམ་འཁོར་བཏང་མི་ དཔེར་ན་ཆོག་ཐམ་མེད་པར་བཏང་མི་ རྩིགཔ་ཟ་སྟེ་གཏང་ནི་ལ་སོགས་པ་ཚུ་ལས་ བྱུང་དོ་ཡོདཔ་སྦེ་ཨིན་པས།

དེ་འབད་ནི་འདི་གིས་ རང་སོའི་ཉེན་སྲུང་གི་དོན་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་མིའི་ རྒྱུ་རྐྱེན་ཚུ་ ག་དེ་དྲག་དྲག་ འཛེམ་དགོཔ་ཁག་ཆེ་ནི་ཨིན་པས།

ཨིན་རུང་ གོང་ལུ་འཁོད་དེ་ཡོད་མི་ རྒྱུ་རྐྱེན་ཚུ་ ག་ཅི་ཡང་ ལག་ལེན་མ་འཐབ་སྟེ་འབད་རུང་ ཐུག་རྐྱེན་ལུ་བརྟེན་པའི་ ཉམས་རྒུདཔ་བྱུང་མི་དེ་ སྣུམ་འཁོར་གཞན་ཅིག་གིས་ བརྡུང་བྱིན་ནི་ལ་སོགས་པ་ཚུ་ཨིན་པས།

ཐའི་ལེནཌི་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ སྣུམ་འཁོར་ལམ་ཁར་ ཐུག་རྐྱེན་བྱུང་མི་ བརྒྱ་ཆ་༧༥ དེ་ཅིག་ རྐང་འཁོར་བཏང་མི་ཚུ་ ཨིནམ་སྦེ་ཨིན་པས།

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་གྲས་ལས་ སྣུམ་འཁོར་ཐུག་རྐྱེན་ཉུང་ཤོས་དེ་ར་ བང་ལ་དེཤི་རྒྱལ་ཁབ་ནང་ཨིནམ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ རིག་ཤ་མང་ནི་དེ་གིས་ཨིནམ་ད་ སྣུམ་འཁོར་ཚུ་ མགྱོགས་ལམ་བདའ་སྟེ་འབད་རུང་ ཤུགས་ཚད་ཀི་ལོ་མི་ཊར་༣༠ ལས་བརྒལ་ཏེ་ གཏང་མ་ཆོག་ནི་དེ་གིས་ཨིནམ་སྦེ་ བཤད་ཅི།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གནས་སྡུད་དང་འཁྲིལཝ་ད་ ལོ་ཨེ་ཤི་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་གྲས་ལས་ ཤུགས་ཚད་དང་ ཆང་འཐུང་སྟེ་སྣུམ་འཁོར་གཏང་ནི་ བག་བག་བཏངམ་དང་ ཞྭམོ་བཙུགས་ནི་དང་ སྣུམ་འཁོར་གྱི་སྡོད་ཁྲི་ཐགཔ་བསྡམ་ནིའི་ཐད་ཁར་ ཉེས་ཁྲིམས་ཡོད་མེད་ཀྱི་བརྟག་དཔྱད་དེ་ འབྲུག་རྒྱལ་ཁབ་ནང་ཡོད་རུང་ བང་ལ་དེཤི་བཟུམ་ཅིག་ནང་འབད་བ་ཅིན་ དེ་བཟུམ་མའི་ ཁྲིམས་ལུགས་ཚུ་ མེདཔ་ཨིན་པས།

ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་གཅིག་གིས་འབད་བ་ཅིན་ སྡོད་ཁྲིའི་ཐགཔ་བསྡམ་དགོཔ་སྦེ་ མ་བཟོ་མི་དེ་ཡང་ མི་ལ་ལོ་ཅིག་ སྣུམ་འཁོར་ཐུག་རྐྱེན་བྱུང་བའི་སྐབས་ རང་སོའི་ཁ་བརྗེ་དང་ བསོད་ནམས་ལུ་བརྟེན་ ཕྱི་ཁར་བཏོན་བཏང་མི་ གནོད་དོན་ཚུ་ཡང་ཡོདཔ་ལས་ ངེས་པར་དུ་ བསྡམ་དགོཔ་བཟོ་ནི་དེ་ཡང་ བསམ་འཆར་ཁག་༢ སྦེ་འདུག་ཟེར་ཨིན་པས།

ཨིན་རུང་ གནད་དོན་ཚུ་གི་ཐད་ཁར་ བརྡ་བརྒྱུདཔ་ཚུ་གིས་ མི་སེར་ཡོངས་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་འབད་ཚུགས་ནི་ཨིནམ་ལས་ རྒྱལ་ཁབ་ནང་ མི་སེར་གྱི་མཐའ་དོན་ལུ་ ག་དེ་དྲག་དྲག་ ཆ་རོགས་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *