ལྷོ་མཚམས་རྫོང་ཁག་ཚུ་གི་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་ཚུ་ནང་ འགྲོ་འགྲུལ་བཀག་དམ།

༉ ལྷོ་ཕྱོགས་ཀྱི་ ས་མཚམས་རྫོང་ཁག་ཚུ་ནང་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་ག་ར་ ནད་ཡམས་དང་འབྲེལ་བའི་ བརྟག་ཞིབ་ཀྱི་དོན་ལུ་ ཁ་ཙ་ནུབ་ཕྱེད་ལས་ གཞུང་གིས་ འགྲོ་འགྲུལ་བཀག་དམ་གྱི་ གསལ་བསྒྲགས་འབད་ཡི།

བཀག་དམ་གྱི་སྐབས་ལུ་ ས་ཁོངས་ཚུ་ནང་ མི་དང་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་བཅུག་ནི་ཨིན་པས།

དེ་ཡང་ ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་སྡེ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་གཉིས་ ངོས་བཟུང་འབད་བའི་ཤུལ་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གློ་བུར་གྱི་ ཞལ་འཛོམས་འཚོགས་ཐོག་ལས་ འགྲོ་འགྲུལ་བཀག་དམ་འབད་ནི་སྦེ་ ཐག་བཅད་ནུག།

དེ་འབདཝ་ད་ འགྲོ་འགྲུལ་འབད་མ་ཆོགཔ་ཨིན་རུང་ གློ་བུར་དང་ ཉེར་མཁོའི་ཐབས་ཏོག་ཚུ་ག་ར་ མཁོ་སྤྲོད་འབད་འོང་ཟེར་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

ད་རུང་ གསལ་བསྒྲགས་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༧ ལས་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ ཕུན་ཚོགས་གླིང་ལས་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ ལམ་འགྲུལ་འབད་མི་ཚུ་ ཉེ་འདབས་ཀྱི་ སྨན་བཅོས་ཁང་ཚུ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་འབད་དགོ་ཟེར་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡ ལས་ཚུར་ གློ་བུར་དུ་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་༡༦༥ ཨར་ཊི་-པི་སི་ཨར་བརྟག་དཔྱད་ནང་ ནད་རྟགས་མེདཔ་ཐོན་ཏེ་ ཕུན་ཚོགས་གླིང་ལས་ རྫོང་ཁག་གཞན་༡༠ ནང་སོང་མི་ཚུ་ཡང་ བརྟག་དཔྱད་འབད་དགོཔ་ཨིན་རུང་ དེ་གི་གྲངས་སུ་ དུས་ཡུན་ཉིན་གྲངས་༧ གྱི་རིང་ ཟུར་བཞག་ནང་ ངེས་པར་དུ་སྡོད་མི་ ལམ་འགྲུལཔ་ཚུ་ མི་ཚུདཔ་ཨིན་པས།

ནད་ཡམས་དེ་ མི་སྡེ་ཚུ་ནང་ ཁྱབ་སྤེལ་འགྱོ་ཉེན་ཡོད་པའི་ ཚ་གྱང་ལང་མི་ལུ་བརྟེན་ རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་གིས་ ད་རིས་ལས་འགོ་བཙུགས་ ལྟ་རྟོག་ཡར་སེང་དང་ ཉེན་ཁ་ཆེ་བའི་ ས་ཁོངས་ག་རའི་ནང་ ནད་ཡམས་ཀྱི་ བརྟག་དཔྱད་འབད་དགོ་ཟེར་ཨིན་པས།

ནད་ཡམས་ཐོབ་མི།

སྐྱེས་ལོ་༡༠ ལང་མི་ བུཚ་དེ་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ཚ་རིམས་སྨན་བཅོས་ཁང་ནང་ སོང་ཡོདཔ་ད་ དེ་བསྒང་ ཨེན་ཊེ་ཇེན་བརྟག་དཔྱད་འབདཝ་ད་ ནད་རྟགས་ཐོན་པའི་ཤུལ་ལུ་ ཕྱི་རུའི་ཆུ་ཚོད་༧ ལུ་ ཨར་ཊི་-པི་སི་ཨར་བརྟག་དཔྱད་ནང་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་བཞིན་དུ་ བུཚ་དེ་གི་ ཨའི་སྐྱེས་ལོ་༢༩ ལང་མི་ལུ་ཡང་ ཨེན་ཊི་ཇེན་བརྟག་ཞིབ་ནང་ ནད་རྟགས་མ་ཐོན་རུང་ ཨར་ཊི་-པི་སི་ཨར་ནང་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུངམ་ལས་ ཁོང་གཉིས་རྐྱང་གནས་ནད་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།

བུཚ་དེ་གི་ ཨ་པ་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབདཝ་ད་ ཨེན་ཊི་ཇེན་དང་ ཨར་ཊི་-པི་སི་ཨར་གཉིས་ཆ་རའི་ བརྟག་དཔྱད་ནང་ ནད་རྟགས་མ་ཐོན་རུང་ ཟུར་བཞག་ཡོདཔ་ད་ བུཚ་དེ་གི་ཕམ་དང་ སློབ་དཔོན་ དེ་ལས་ ཁོ་རའི་སློབ་ཁང་གི་མཉམ་རོགས་ སློབ་ཕྲུག་༣༥ ཁོ་དང་ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིནམ་སྦེ་ བརྩི་འཇོག་འབད་ནུག།

སློབ་གྲྭ་ཚུ་གི་དོན་ལུ་ བརྟག་དཔྱད་སྒྲིག་གཞི་ ལྷག་པར་དུ་ དམ་དམ་སྦེ་ བཟོ་མི་དང་བསྟུན་ སློབ་གྲྭ་དེ་ནང་ལས་ སློབ་ཕྲུག་༢༩༧ དང་ སློབ་དཔོན་ཚུ་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ བརྟག་དཔྱད་འབདཝ་ད་ ནད་རྟགས་མ་ཐོན་རུང་ ཁ་ཙ་ནུབ་མོའི་ཆུ་ཚོད་༡༡.༤༥ ཚུན་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༥༧ བདའ་ཟུན་ཡོད་པའི་ ལོ་རྒྱུས་འདུག།

མ་བུ་ལུ་ ཀོ་བིཌ་-༡༩ ཐོབ་མི་དེ་ ཏུར་ས་ལུ་ གནས་སྐབས་ཀྱི་ སྡོད་སྒར་ནང་ སྡོད་མི་ཨིནམ་ད་ ཕམ་གཉིས་ཆ་ར་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་ཡོདཔ་ཨིན་པས།

འདས་པའི་ཟླཝ་༡ ནང་ རྒྱལ་ཁབ་ནང་འཁོད་ལུ་ མི་༦༠,༠༠༠ ལྷགཔ་ཅིག་ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་ཡོདཔ་ད་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་༢༦,༦༥༧ ལུ་ བརྟག་དཔྱད་འབད་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ཁྲོམ་སྡེ་རྐྱངམ་གཅིག་ལུ་ར་ མི་༡༧,༠༠༠ ལུ་ བརྟག་དཔྱད་འབད་ནུག།

དེ་ལས་ ཁ་ཙ་དྲོ་པར་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་ཚུ་ནང་ སྒྲིག་གཡོག་རྒྱུག་མི་ བདེ་སྲུངཔ་ཨམ་སྲུ་༢ དང་ ཁྲིམས་སྲུང་འགག་པ་ཨམ་སྲུ་༡ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *