ལྷུན་རྩེ་སྒང་ཟུར་རྒེད་འོག་ རྡོ་སྒར་སྤང་ལུ་ ཆུ་རུད་ཀྱིས་ ཨམ་སྲུ་༢ འཕྱགས་བདའ་མིའི་ སྡོད་ཁྱིམ།

ལྷུན་རྩེ་སྒང་ཟུར་ལུ་ ཆུ་རུད་ཀྱིས་ ཨམ་སྲུ་༢ འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ལྷུན་རྩེ་སྒང་ཟུར་རྒེད་འོག་ རྡོ་སྒར་སྤང་ལུ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྐྱེས་ལོ་༢༣ དང་༤༩ ལང་མི་ ཨམ་སྲུ་༢ ཆུ་རུད་ཀྱིས་ འཕྱགས་བདའ་མི་དེ་ ཁ་ཙ་ཉིནམ་༡ འཚོལ་ཞིབ་འབད་རུང་ མཐར་འཁྱོལ་འབྱུང་མ་ཚུགསཔ་ཨིན་པས།
སྒང་ཟུར་གི་དམངས་མི་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་པ་ སྡེ་སྲུངཔ་ དེ་ལས་ མ་སྒར་-སོམ་ཤིང་སྤྱི་འོག་གི་ མི་ཚུ་བརྩིས་ཏེ་ མི་གྲངས་༡༢༠ ལྷགཔ་ཅིག་གིས་ ཉེ་འདབས་ཀྱི་ས་ཁོངས་ཚུ་དང་ ཀུར་རི་ཆུའི་མཐའམ་བདའ་སྟེ་འཚོལ་རུང་ རྩ་ལས་འཚོལ་མ་འཐོབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་བརྐོ་འཕྲུལ་ཆས་ཨེསི་ཀེ་བེ་ཊར་ ལག་ལེན་འཐབ་ཐོག་ལས་འཚོལ་རུང་ འཚོལ་མ་འཐོབ་མི་ལུ་བརྟེན་ ཁྱིམ་གྱི་མཐའ་འཁོར་ལས་ཕར་ འཚོལ་ཞིབ་འབད་མི་ཚུ་ བཤོལ་བཞག་འབད་དེ་ ཆུ་རུད་ཀྱིས་ ཁྱིམ་ཀྱི་མཐའ་འཁོར་ཚུ་ནང་ གནོད་སྐྱོན་རྐྱབ་ཡོད་མི་ཚུ་ བསལ་བྱིན་ཡི་ཟེར་ཨིན་པས།
ལྷུན་རྩེ་རྫོང་བདག་གིས་ བཤད་མིའི་ནང་ ཀུར་རི་ཆུའི་མཐའམ་བདའ་སྟེ་ འཚོལ་བའི་བསྒང་ཡོདཔ་བཞིན་དུ་ ཚེ་འདས་༢ ཀྱི་ སྤུན་ཆ་ཚུ་ ས་ཁོངས་ནང་མེདཔ་ལས་ ཁོང་ལྷོད་ཞིནམ་ལས་ ཁོང་དང་འཁྲིལ་ འཕྲོ་མཐུད་འཚོལ་དགོཔ་འོང་ཟེར་ ཨིནམ་བཞིན་དུ་ རྒྱལ་པོའི་ཞིང་གི་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ཡང་ སྙན་ཞུ་འབད་ཡོད་པའི་ཁར་ རྒྱགས་སྐལ་ལ་སོགས་པའི་ རྒྱབ་སྐྱོར་ཚུ་ འབད་ཡོད་པའི་ཁར་ སྤུན་ཆ་ཚུ་ ལྷོད་ཞིནམ་ལས་ རྒྱལ་པོའི་སེམས་གསོ་ཡང་ སྤྲོད་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ གཡུས་དེ་གི་ལྟག་ལུ་ རི་ཅིག་ཡོད་མི་དེ་ཁར་ མཚོ་ལ་སོགས་པ་ཡོད་པའི་ ལོ་རྒྱུས་སླབ་ནི་ཡོད་རུང་ མ་འོངས་པར་ དེ་བཟུམ་མའི་ རྐྱེན་ངན་ཚུ་ སྔོན་འགོག་གི་ ཐབས་ལམ་བཏོན་ཐབས་ལུ་ རི་དེ་ཁར་ ག་ཅི་ཡོད་ག་ བལྟ་བར་འགྱོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དམངས་མི་གིས་ སླབ་མིའི་ནང་ དེ་ཚེ་ ས་གནས་དེ་ཁར་ ཆརཔ་ཤུགས་སྦེ་མ་རྐྱབ་རུང་ ལ་ཁར་ཆརཔ་ཤུགས་སྦེ་ རྐྱབ་ཡོད་མི་ལུ་བརྟེན་ ཆུ་རུད་དེ་ ཚེ་འདས་༢ ཀྱི་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ རོང་ཆུ་དེ་ལས་ འོང་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚེ་འདས་ཨམ་སྲུ་༢ ཀྱིས་ ད་རེས་ གཞན་དང་མ་འདྲ་བའི་སྐད་ཅིག་ གོ་དོ་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་བཞག་ཟེར་ ཁྱིམ་ཚང་ཚུ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ བརྡ་དོན་སྤྲོད་ནུག་ཟེར་ཨིན་པས།
དེ་ཚེ་ཁྱིམ་ནང་ ཚེ་འདས་ཨམ་སྲུ་༢ དང་ ཕོ་སྐྱེས་༡ ཡོདཔ་ད་ ཆུ་རུད་འོང་ནི་མས་མནོ་སྟེ་ ཁོང་༣ ཁྱིམ་ནང་ལས་ ཐོན་འགྱོ་བའི་སྐབས་ ཕོ་སྐྱེས་དེ་ ཆུ་ལྷམ་བཙུགས་སྡོདཔ་ད་ ཚེ་འདས་ཨམ་སྲུ་༢ ཁྱིམ་ནང་ལས་ ཐོན་སོང་ཡོདཔ་བཞིན་དུ་ དེ་ཅིག་བར་ན་ ཆུ་རུད་འོང་སྟེ་ འཕྱགས་བདའ་ཡོདཔ་ལས་ ཕོ་སྐྱེས་དེ་ ལོག་ཁྱིམ་ནང་སོང་སྟེ་ ཁྱིམ་ཐོག་ཁར་ འཛེགས་སྡོད་ཡོདཔ་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ ཆུ་རུད་ཀྱིས་ ཁྱིམ་གྱི་འོག་ཐོག་ལུ་ གནོད་སྐྱོན་དུམ་གྲ་ཅིག་ རྐྱབ་ཡོད་རུང་ སྟེང་ཐོག་ལུ་ དེ་ཅིག་ གནོད་སྐྱོན་མ་རྐྱབ་པར་ཡོདཔ་ལས་ ཚེ་འདས་༢ ཀྱིས་ ཁྱིམ་ནང་ལས་ ཐོན་མ་འགྱོ་བར་ ཁྱིམ་ཐོག་གུ་ འཛེགས་སྡོད་ཡོད་པ་ཅིན་ འཕྱགས་མ་འབགཔ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་རུད་དེ་གིས་ ཚེ་འདས་༢ ཀྱི་ནོར་༡ དང་ བྱམོ་དག་པ་ཅིག་ འཕྱགས་བདའ་ཡོདཔ་མ་ཚད་ ཆུ་ཞིང་དང་ ས་ཞིང་གཞན་ཚུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ བཟའ་སྤྱོད་འབད་མི་བཏུབ་ནི་མས་ཟེར་ཨིནམ་ད་ སྐྱེས་ལོ་༢༣ ལང་མི་ ཚེ་འདས་ཨམ་སྲུ་དེ་ ཨ་ལོ་སྐྱེ་ནི་ཡོདཔ་ཨིན་པས།
དེ་ལས་ ཆུ་འཁོར་མ་ཎི་དང་ དུང་དཀར་ དེ་ལས་ གནས་སྤྱི་འོག་གི་འཁོར་ལམ་ཡང་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་བཞིན་དུ་ ཞིང་ཆུའི་གཡུར་བ་༥ དེ་ཅིག་ཡང་ འཕྱགས་བདའ་ཡོདཔ་ད་ འཁོར་ལམ་དེ་ཡང་ ག་དེ་མགྱོགས་མགྱོགས་ བསལ་ནི་ཨིན་ཟེར་ ཚོགས་པ་གིས་ སླབ་ཡོད་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *