དགེ་སློང་ཚུ་ ཀོ་བིཌ་ནད་འབུབ་ ཞིབ་དཔྱད་འབད་བའི་བསྒང་།

ལྷུན་རྩེ་ལུ་ མི་གྲངས་༥༢ ཁྱིམ་ནང་ཟུར་བཞག་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་ ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ མི་སྡེ་ནང་ ནད་ཡམས་ཁྱབ་སྤེལ་ཡོད་པའི་ རྫོང་ཁག་ཚུ་ནང་ལས་འོང་མི་ གནས་སྐོརཔ་༥༢ ཁྱིམ་ནང་ཟུར་བཞག་འབད་ཡོདཔ་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ ཧྭ་རྫོང་ཁག་ཚུ་ནང་ལས་འོང་མི་ གནས་སྐོརཔ་ཚུ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་ ཟུར་བཞག་འབད་ཡོདཔ་ད་ ཁོང་གནས་སྐོརཔ་ཚུ་ རྒྱལ་ཡོངས་ཀྱི་ འགྲོ་འགྲུལ་བཀག་དམ་ལས་རིམ་གྱི་སྐོར་ལས་ གསལ་བསྒྲགས་མ་འབད་བའི་ཧེ་མར་ དུང་དཀར་རྒེད་འོག་ནང་ཡོད་པའི་ གུ་རུ་རིན་པོ་ཆེའི་སྦས་གནས་ རིན་ཆེན་བུམ་པ་མཇལ་བར་སོང་ནུག།

ཁོང་གནས་སྐོརཔ་ཚུ་ ཨེན་ཊི་ཇེན་བརྟག་དཔྱད་འབད་བའི་ཤུལ་ལས་ བདུན་ཕྲག་༡ གི་རིང་ ཁྱིམ་ནང་ཟུར་བཞག་འབད་ནུག།

ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོང་གནས་སྐོརཔ་སྡེ་ཚན་༤ ཡོད་ས་ལས་ སྡེ་ཚན་༢ སྟག་སྐད་ལ་ལུ་ཡོད་པའི་ མགྲོན་ཁྱིམ་ནང་བཞག་ཡོདཔ་ད་ སྡེ་ཚན་༡ ལྷུན་རྩེ་ཁྲོམ་ཁར་ རང་ལུགས་ཀྱི་ཁྱིམ་ནང་བཞག་ཡོད་རུང་ སྡེ་ཚན་༡ གནས་རིན་ཆེན་བུམ་པའི་རྩ་བ་ཡོད་པའི་ ཀུན་བཟང་གླིང་ལུ་ མགྲོན་ཁྱིམ་ནང་ ཟུར་བཞག་འབད་དེ་ཡོད་ཟེར་ཨིན་པས།

རྫོང་ཁག་གིས་ ཨའུ་མཚོ་རྣམ་གྲོལ་གླིང་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ ལས་བྱེདཔ་ཚུ་བརྩིས་ཏེ་ ད་ཚུན་ ཐིམ་ཕུག་དང་ སྤ་རོ་ལས་འོང་མི་༤༩༠ ཨེན་ཊི་ཇེན་བརྟག་དཔྱད་འབད་ཡོདཔ་ད་ མི་༢༧༤ ཨར་ཊི་པི་སི་ཨར་བརྟག་དཔྱད་ཚུ་འབད་ཚར་ནུག།

དེ་གི་གྲས་ལས་ དཔེ་ཚད་༢༡༩ མོང་སྒར་ཀོ་བིཌ་བརྟག་དཔྱད་ཁང་ནང་ བརྟག་དཔྱད་འབད་ནིའི་དོན་ལུ་ བཏང་ཡོདཔ་ཨིན་པས།

རྫོང་ཁག་གསོ་བའི་ལས་རོགས་འགོ་དཔོན་ གཡང་ཀ་རྡོ་རྗེ་གིས་ སླབ་མིའི་ནང་ རྣམ་གྲོལ་གླིང་གྲྭ་ཚང་ནང་ དམིགས་བསལ་གྱི་ བརྟག་དཔྱད་འབད་དགོ་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གྲྭ་ཚང་ནང་ ནད་ཡམས་ཁྱབ་སྤེལ་ཡོད་པའི་ རྫོང་ཁག་ཚུ་ནང་ལས་ གྲྭ་ཚང་ནང་ མི་འཛུལ་ནི་དེ་གིས་ རྒྱལ་ཡོངས་ནད་ཡམས་ལྟ་རྟོག་སྡེ་ཚན་ནང་ལས་ བཀའ་རྒྱ་འོང་མི་དང་འཁྲིལ་ཨིན་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ད་ཚུན་ རྫོང་ཁག་ནང་ ནད་ཡམས་བརྟག་དཔྱད་ཚུ་ བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ཡང་ ཁ་ཙ་ཚུན་ མི་༥༠༠ ལྷགཔ་ཅིག་གི་ ཨེན་ཊི་ཇེན་བརྟག་དཔྱད་དང་ མི་༨༨༦ ཨར་ཊི་པི་སི་ཨར་བརྟག་དཔྱད་ཚུ་ འབད་ཚར་ནུག།

མོང་སྒར་ཀོ་བིཌ་བརྟག་དཔྱད་ཁང་ནང་ ཨར་ཊི་པི་སི་ཨར་བརྟག་དཔྱད་འབད་མི་ཚུ་གི་གྲས་ལས་ བུམ་ཐང་དང་ བཀྲ་ཤིས་གཡང་རྩེ་ཁམས་དྭངས་ བཀྲ་ཤིས་སྒང་རྫོང་ཁག་ རི་སེར་བུ་དང་བཀང་ལུང་ མོང་སྒར་རྒྱལ་པོའི་ཞིང་ ལྷུན་རྩེ་དང་ ངང་ལམ་ཚུ་ནང་ལས་ལྷོད་མི་ དཔེ་ཚད་ཚུ་ཨིན་པས།

དེ་ལས་ ཨར་ཊི་པི་སི་ཨར་བརྟག་དཔྱད་འབད་ཚར་མིའི་གྲས་ཁར་ སེང་སྒོར་ལས་ བཀྲ་ཤིས་སྒང་རོ་ལོང་ཚུན་ གཞུང་ལམ་ཁར་ཡོད་མི་ ཟ་ཁང་ཚུ་ནང་ལས་ མི་༨༢ བརྟག་དཔྱད་འབད་མི་ཚུ་ཡང་ ཚུདཔ་ཨིན་པས།

ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ད་རེས་ནངས་པར་ མོང་སྒར་ མི་མང་རྩེད་ཐང་ནང་ཡོད་པའི་ ཚ་རིམས་སྨན་བཅོས་ཁང་དང་ གཙོ་བསྟེན་སྨན་ཁང་གི་ གདོང་ཁར་ཡོད་པའི་ ཚ་རིམས་སྨན་ཁང་༢ ནང་དང་ ས་གནས་ཁག་ཚུ་ནང་ གསོ་བའི་ལས་བྱེདཔ་ཚུ་བཏང་སྟེ་ བརྟག་དཔྱད་ཚུ་འབད་དེ་ ཐིམ་ཕུག་དང་ སྤ་རོ་ལས་འོང་མི་ཚུ་གི་ ཧ་ལམ་ བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ལུ་ ཁྱབ་སྤེལ་སོང་ཡོད་པའི་ གནས་ཚུལ་གོ་བའི་ཤུལ་ལས་ ད་ལྟོ་ འབྲེལ་བ་འཐབ་མི་ཚུའི་ ཐོ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ཤར་ཕྱོགས་ལུང་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ ཐོ་དང་འཁྲིལཝ་ད་ སྤྱི་ཟླ་༡༢ པའི་ཚེས་༧ ལས་འགོ་བཙུགས་ ཐིམ་ཕུག་ལས་ ལྷུན་རྩེ་ལུ་ མི་གྲངས་༡,༢༢༥ དང་ མོང་སྒར་ལུ་༡,༢༣༩ ལྷོད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *