ཆུ་རུད་ཐོནམ་ད་ བྱེམ་དང་རག་རོ་ཚུ་གིས་ ཨེབ་བཞག་མི་ སྣུམ་འཁོར་ཊི་པར་ཊཱག།

ལྷུན་རྩེ་ལུ་ ཆུ་རུད་ཀྱིས་ ལམ་རྩི་ནག་བཏང་མིའི་ སྦ་སྒོར་༡༣ འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༣ གྱི་ཕྱི་རུ་ ལྷུན་རྩེ་སྨད་ཚོ་རྒེད་འོག་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ དུས་ཡུན་ཐུང་ཀུ་ཅིག་ནང་ ཆུ་བྲེས་ཏེ་ ས་རུད་དང་ ཆུ་རུད་འོང་སྟེ་ རྒེད་འོག་ལྟེ་བའི་ ལམ་རྩི་ནག་བཏང་མི་ ཁག་འབགཔ་གི་ སྦ་སྒོར་༡༣ འཕྱགས་བདའ་ཡོདཔ་ཨིན་རུང་ མི་ལུ་གནོད་སྐྱོན་དང་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས།
དེ་ཡང་ སྒོར་གཱན་གཞུང་ལམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་གནས་ སི་ལི་སྦིས་བྱུང་མི་ རྐྱེན་ངན་ནང་ ཌའེ་གཱོན་ཁག་འབགཔ་གི་ ལས་མི་ཚུ་གི་ སྡོད་སྒར་དང་ ཡིག་ཚང་ཚུ་བརྩིས་ཏེ་ སྦ་སྒོར་༡༣ འཕྱགས་བདའ་ ཡོདཔ་མ་ཚད་ སྣུམ་འཁོར་ཊི་པར་ཊཱག་ཅིག་ བྱེམ་དང་རག་རོག་གིས་ ཨེབ་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ ཆུ་རུད་ཀྱིས་ དུས་ཅི་ གཞི་བཙུགས་འབད་མི་ ནོར་གསོ་སྐྱོང་ཁང་གི་དོན་ལས་ འཕྲལ་ཁམས་ཅིག་ཁར་རྐྱབ་མི་ ཟམ་དང་ སྣུམ་འཁོར་འཁོར་ལོ་གཉིསམ་༡ ཡང་ འཕྱགས་ནུག་ཟེར་ཨིན་པས།
རྫོང་ཁག་སྐྱིད་སྡུག་འགོ་དཔོན་ ཚེ་རིང་ཆོས་འཕེལ་གྱིས་ བརྒྱུད་འཕྲིན་ཐོག་ལས་ སླབ་མིའི་ནང་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༤ དང་༥ འི་བར་ན་ ཆརཔ་ཟམ་ཟིམ་སྦེ་ རྐྱབ་པའི་ཤུལ་ལས་ ཆུ་ཚོད་ཕྱེད་དང་༧ དེ་ཅིག་ཁར་ ཆུ་རུད་འོང་ནུག་ཟེར་ཨིན་པས།
ཆུ་རུད་དེ་གིས་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནིའི་དོན་ལུ་ ད་རེས་ནངས་པར་ གཞི་འགྱམ་གྱི་ ལཱ་འབད་བའི་བསྒང་ཨིན་མི་ ཌའེ་གཱོན་ཁག་འབགཔ་གང་ ཡིག་ཚང་གི་ ཅ་ཆས་དང་ གློག་རིག་ པར་འཕྲུལ་ དེ་ལས་ བཟའ་འཐུང་གི་རིགས་དང་ གདན་མལ་ཆ་ ཐབ་ཆས་ཚུ་ག་ར་ འཕྱགས་བདའ་ནུག་ཟེར་ཨིན་པས།
དེ་བསྒང་ ཁག་འབགཔ་དང་ ལས་མི་༧ ཉེན་སྲུང་གི་ ས་གོ་ནང་སོང་སྟེ་ བལྟ་སྡོད་ནུག་ཟེར་ཨིནམ་ད་ སྐྱིད་སྡུག་འགོ་དཔོན་གྱིས་འབད་བ་ཅིན་ རྫོང་ཁག་སྐྱིད་སྡུག་ཡིག་ཚང་གི་ཁ་ཐུག་ལས་ རྐྱེན་ངན་དེ་གི་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ་བཞིན་དུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གིས་ ལས་མི་ཉམས་རྒུདཔ་ཚུ་ལུ་ གདན་ མལ་ཆ་དང་ བཟའ་འཐུང་གི་ ཅ་ཆས་ཚུ་ བྱིན་ཡི་ཟེར་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་རུད་དང་ ཆུ་རུད་མ་འོང་པའི་ ཆུ་ཚོད་༡ གི་ཧེ་མར་ ཆརཔ་ཟམ་ཟིམ་རྐྱབ་པའི་ཤུལ་ལས་ དུས་ཡུན་སྐར་མ་༣༠ དེ་ཅིག་གི་རིང་ ཆརཔ་ཤུགས་སྦེ་ རྐྱབ་ཡོད་རུང་ ས་རུད་དང་ ཆུ་རུད་འོང་ནི་གི་ འོས་འབབ་མེདཔ་ལས་ ཆུ་རུད་འོང་སའི་ རི་གུ་ལུ་ མཚོ་ཆུང་ཀུ་ཅིག་ ཆགས་ཡོད་མི་ལས་ ཆུ་ལུད་པའི་ དོགས་པ་ཡོད་ཟེར་ཨིན་པས།
གཡུ་རུང་བམ་ལྡིར་སྤྱི་འོག་གི་ཚོགས་པ་ ཆོས་གྲགས་ཚེ་རིང་གིས་འབད་བ་ཅིན་ དང་ཕུའི་ཕམ་ཚུ་གིས་ རི་གུ་མཚོ་ཅིག་ཡོདཔ་སྦེ་ ལོ་རྒྱུས་བཤད་སྲོལ་ཡོད་རུང་ ད་ལྟོ་ཚུན་ མཚོ་རྦད་དེ་ ཆུ་བྲེས་པའི་ ལོ་རྒྱུས་མ་གོ་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *