ལྷུན་རྩེ་རྫོང་ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མིའི་ བརྟག་ཞིབ་འབད་ཚར་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ས་ཡོམ་རྐྱབ་ད་ ལྷུན་རྩེ་རྫོང་གི་ གྱང་རྩིག་དང་ བཟོ་བཀོད་ལེ་ཤ་ཅིག་ མེདཔ་བཏང་མི་ཚུ་ལུ་ ནང་སྲིད་ལྷན་ཁག་ ལམ་སྲོལ་ལས་ཁུངས་ཀྱིས་ བརྟག་ཞིབ་འབད་ཚར་ཡོད་རུང་ ད་ལྟོ་ ཉམས་གསོ་ཞུ་ནིའི་ ལོ་རྒྱུས་མེདཔ་ཨིན་པས།

རྐྱེན་ངན་འཛིན་སྐྱོང་ལས་ཁུངས་བརྒྱུད་དེ་ ལམ་སྲོལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ བརྟག་ཞིབ་འབད་དེ་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ རྫོང་གཞིས་དེ་དང་ ལྟ་རྫོང་བརྩིས་ཏེ་ རྫོང་ནང་གི་ ལྷ་ཁང་དང་ རྫོང་བདག་དང་ རྫོང་རབ་ཀྱི་ཡིག་ཚང་ མི་རྩིས་དང་ བཟོ་རིག་ལ་སོགས་པའི་ ལས་ཚན་ཁག་མང་ཤོས་ཅིག་གི་ཡིག་ཚང་ དེ་ལས་ རྫོང་གི་དབུ་རྩེ་དང་ འཛུལ་སྒོའི་ས་ཁོངས་ཚུ་འབདཝ་ད་ ས་གོ་ཁག་༢༩ དེ་ཅིག་ལུ་ གནོད་སྐྱོན་བྱུང་ནུག། 

རྫོང་གཞིས་ཀྱི་ བཟོ་བཀོད་གུ་ ཀེ་ཀེ་སྦེ་ གག་འགྲམ་དང་ སེར་གུ་ཐོན་པའི་ཁར་ གྱང་རྩིག་ཚུ་ ཆད་འོང་ཡོད་རུང་ རྫོང་ནང་ན་ རབ་སྡེ་གྲྭ་ཚང་དང་ རྫོང་ཁག་བདག་སྐྱོང་གི་ དུས་རྒྱུན་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༨ ཀྱི་དྲོ་པར་ ས་ཡོམ་ཤུགས་ཚད་མེག་ནི་ཅུཌི་༦.༠ རྐྱབ་མི་དེ་གིས་ ལྷུན་གྲུབ་རིན་ཆེན་རྩེའི་རྫོང་ལུ་ གནོད་སྐྱོན་སྦོམ་སྦེ་ རྐྱབ་ཡོདཔ་ད་ ལྷུན་རྩེ་རྫོང་དེ་ སྤྱི་ལོ་༢༠༠༩ ཟླཝ་༩ པའི་ནང་ ས་ཡོམ་ལུ་བརྟེན་ ཉམས་ཆག་བྱུངམ་ལས་ ཉམས་གསོ་ཞུ་སྟེ་ སྤྱི་ལོ་༢༠༡༤ ལུ་ བཀྲིས་རབ་གནས་ཕུལ་ཡོདཔ་ཨིན་པས།

ལྷུན་གྲུབ་རིན་ཆེན་རྩེའི་རྫོང་དེ་ སྤྱི་ལོ་༡༦༥༤ ལུ་ ཀྲོང་གསར་དཔོན་སློབ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ བཞེངས་ཡོདཔ་ཨིན་པས།

རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བརྟག་ཞིབ་ཀྱི་ སྙན་ཞུ་གསལ་སྟོན་འབད་ཡོད་རུང་ བརྟག་ཞིབ་འབད་མི་ མཁས་མཆོག་ཚུ་གིས་ ད་ཚུན་ དེ་ནང་ སྡོད་བཏུབ་མ་བཏུབ་དང་ ཉེན་ཁ་ཡོད་མེད་ དེ་ལས་ ཉམས་གསོ་ཞུ་དགོ་མི་དགོའི་སྐོར་ ཐག་བཅད་ཀྱི་ གྲོས་ཆོད་སྙན་ཞུ་ གསལ་བསྒྲགས་འབད་འབདཝ་མེད་ཟེར་ཨིན་པས། 

དེ་འབདཝ་ལས་ རྫོང་ནང་ལཱ་འབད་མི་ཚུ་ གནོད་ཉེན་ཡོདཔ་སྦེ་མཐོང་མི་ རྫོང་ཁག་གི་ ལས་བྱེདཔ་ཚུ་གིས་ ད་ལྟོ་ ལམ་སྲོལ་ལས་ཁུངས་ཀྱི་གྲོས་ཆོད་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

རྫོང་དེ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལས་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ཡང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་རྐྱབ་མི་ ས་ཡོམ་དེ་གིས་ རྫོང་ཁག་གི་ས་གནས་ ཀུར་སྟོད་དུང་དཀར་སྣག་ཚང་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ལྷ་ཁང་དང་ མགྲོན་ཁྱིམ་ མཆོད་རྟེན་ སློབ་གྲྭ་ གཞུང་གི་ཡིག་ཚང་ དེ་ལས་ སྒེར་གྱི་ཁྱིམ་ཚུ་བསྡོམས་ཏེ་ བཟོ་བཀོད་༡༦༠ དེ་ཅིག་ལུ་ གནོད་པ་རྐྱབ་ཡོདཔ་ཨིན་པས།

ལྷུན་རྩེ་རྫོང་ཁག་ནང་ཡོད་མི་ རྒྱལ་གཞུང་ཉེན་སྲུང་ལས་འཛིན་ཡིག་ཚང་གིས་ ས་ཡོམ་ལུ་བརྟེན་ གནོད་སྐྱོན་བྱུང་མི་ རྒེད་འོག་༨ ནང་ གྲོང་གསེབ་ཀྱི་ཁྱིམ་༡༡༥ ལུ་ རྒུད་འཐུས་དངུལ་ཀྲམ་༩༧༩,༥༩༡ སྤྲོད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *