ལྷུན་རྩེ་རྫོང་ནང་ ཚེ་དཔག་མེད་དབང་གནང་པའི་བསྒང་།

ལྷུན་རྩེ་རྫོང་གི་ ཚེ་དཔག་མེད་དབང་ གྲོལ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ ལྷུན་རྩེ་རྫོང་གི་ ཉེ་འདབས་ལུ་ཡོད་པའི་ ནགས་སྐྱེས་ཐང་ལས་འགོ་བཙུགས་ རྫོང་གི་སྒོ་རའི་ མི་ལམ་བདའ་སྟེ་ མི་ཚུ་གིས་ གྱལ་བཙར་ཏེ་ རྫོང་གི་རྡོ་གཅོལ་ནང་ཚུན་ འགྱོ་སར་མཐོང་མི་དེ་ཡང་ ཡོངས་གྲགས་ཅན་གྱི་ ཚེ་དཔག་མེད་དབང་ཞུ་བར་ འཛོམས་ནི་དེ་གིས་ཨིན་པས།
དེ་ཡང་ ལོ་ཨ་རྟག་ར་ རང་ཟླ་༨ པའི་ནང་ རྒྱལ་ཁབ་ནང་ རབ་སྡེ་གྲྭ་ཚང་དག་པ་ཅིག་གིས་ མི་མང་ལུ་ ཚེ་དཔག་མེད་དབང་གནང་དོ་བཟུམ་ དུས་ཅི་ ལྷུན་རྩེ་ལུ་ཡང་ གནངམ་ཨིན་རུང་ གཞན་དང་མ་འདྲ་བའི་ ཁྱད་དུ་འཕགས་པ་དང་བྱིན་ཅན་སྦེ་ ཆ་བཞག་མི་དེ་ཡང་ དད་ཅན་ཚུ་གིས་ རྫོང་གི་ནང་རྟེན་ གཙོ་ཅན་ཅིག་ཨིན་མི་ ཚེ་དཔག་མེད་ཀྱི་ སྐུ་གསུང་བྱོནམ་ལས་ ཚེ་དབང་ཞུ་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ ཨིན་པས།
དབང་མ་གནང་པའི་ཧེ་མར་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་གྱིས་གཙོས་པའི་ འཕགས་པའི་དགེ་འདུན་ ཞལ་གྲངས་༡༢༥ དེ་ཅིག་གིས་ བདུན་ཕྲག་༡ གི་རིང་ ཚེ་དཔག་མེད་སྒྲུབ་ཆེན་གནང་ཞིནམ་ལས་ ཚེ་དཔག་མེད་ཀྱི་ཁྲོམ་དབང་དང་ སྐུ་རྟེན་ལས་དབང་ཞུ་མི་ ལྷུན་རྩེ་དང་ ཉེ་འདབས་ཀྱི་ མོང་སྒར་རྫོང་ཁག་ནང་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༥,༠༠༠ ལྷགཔ་ཅིག་གིས་ ཚེ་དཔག་མེད་ཀྱི་དབང་ཞུ་བར་ འཛོམས་ཡོདཔ་ཨིན་པས།
དབང་ཞུ་བར་འོང་མི་ཚུ་གི་གྲས་ལས་ མཁོ་མ་རྒེད་འོག་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ རྐང་སྟོང་སྦེ་ ལམ་འགྱོ་དགོ་མི་ བབ་སྟོང་གཡུས་ཚན་ནང་ལས་ སྐྱེས་ལོ་༧༠ ལང་མི་ སངས་རྒྱས་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ དབང་ཞུ་བར་འོང་ནི་དེ་ ཁོ་གི་སེམས་ཁར་ལས་ བརྗེད་མ་ཚུགས་མི་དེ་ཡང་ དབང་ཚར་གཅིག་ཞུ་བ་ཅིན་ ལོ་༡ གི་རྐྱེན་ངན་ཚུ་ བཟློག་མ་ཚུགས་པའི་དོགས་པ་མེདཔ་ལས་ སང་ཕོད་ཡང་ དབང་ཞུ་ནིའི་སྨོན་ལམ་བཏབ་ཅི་ཟེར་ཨིན་པས།
དབང་ཞུ་བར་འོང་མི་ གཡུས་མི་མང་ཤོས་ཅིག་གིས་ བསམ་འཆར་འདྲ་སུ་སྦེ་ བཀོད་དོ་ཡོདཔ་ད་ རྒྱ་རེད་རྒེད་འོག་ ལ་གྲོང་གཡུས་ཚན་ནང་ལས་ སྐྱེས་ལོ་༦༤ ལང་མི་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ ནང་རྟེན་ཡོདཔ་རྐྱངམ་གཅིག་མ་གཏོགས་ མ་ཤེས་རུང་ དད་པ་བསྐྱེད་དེ་ མོ་རའི་རྐྱེན་བར་ཆད་བསལ་ཏེ་ ཚེ་རིང་སྡོད་ནིའི་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།

བྱིན་ཅན་ཚེ་དཔག་མེད་ཀྱི་སྐུ་རྟེན།

ལྷུན་རྩེ་རབ་སྡེའི་དྲུང་ཆེན་ བཀྲིས་རབ་བརྟན་གྱིས་ བཤད་མིའི་ནང་ ལྷུན་རྩེ་རྫོང་ཁག་ནང་ ཆོས་ཕྱོགས་ལས་རིམ་གཙོ་ཤོས་ཅིག་ཨིན་མི་ གཞན་དང་མ་འདྲ་བའི་ དབང་གི་ལས་རིམ་དེ་ཡང་ རང་ཟླ་༨ པའི་ཚེས་༣ ལུ་ སྒྲུབ་ཆེན་བཙུགས་ནིའི་དོན་ལུ་ ས་ཆོག་གནང་དོ་ཡོདཔ་ད་ དེ་ལས་ ཚེས་༨ ལས་ རྒྱན་བཀོད་བུམ་བཀྲ་ཤིས་གནང་པའི་ཤུལ་ལས་ ཚེས་༩ ལས་ སྒྲུབ་ཆེན་གྱི་དངོས་གཞི་ འགོ་བཙུགས་གནངམ་ཨིན་ཟེར་ཨིན་པས།
དེ་ལས་ ཕྱི་རུའི་ཆུ་ཚོད་༡༢ ལས་འགོ་བཙུགས་ དེ་གི་ནངས་པར་ ཕྱི་རུའི་ཆུ་ཚོད་༥ ཚུན་ བདུན་ཕྲག་༡ གི་རིང་ ཚེ་དཔག་མེད་ཀྱི་ སྒྲུབ་ཆེན་གནང་ཞིནམ་ལས་ ཚེས་༡༥ ལུ་ ཁྲོམ་དབང་དང་ ཕྱི་རུ་ དངོས་གྲུབ་བླངས་དབང་དང་བཅསཔ་སྦེ་ འགྲོལ་གནངམ་ཨིན་ཟེར་ཨིན་པས།
དེ་ལས་ ཚེས་༡༦ ལུ་ རྫོང་གི་རྩ་བར་ཡོད་པའི་ རབ་བརྟན་ཟམ་ལུ་ སྔར་སྲོལ་དང་འཁྲིལ་ དཀྱིལ་འཁོར་གྱི་རྡུལ་ཚོན་གཤགས་གནངམ་ཨིན་པས།
དྲུང་ཆེན་བཀྲ་ཤིས་རབ་བརྟན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚེ་དཔག་མེད་ཀྱི་ སྒྲུབ་ཆོག་རྐྱངམ་གཅིག་གནང་ཞིནམ་ལས་ གཏེར་མ་དེ་ མི་མང་ལུ་མཇལ་ཁ་གནང་སྟེ་ དབང་ཞུ་བཅུག་ནི་ཡོད་རུང་ འདས་པའི་ལོ་༤ གི་ཧེ་མ་ལས་འགོ་བཙུགས་ མི་དབང་རྒྱལ་སྲས་འཁྲུངས་པའི་ དུས་སྟོན་རྟེན་འབྲེལ་དང་འབྲེལ་ སྒྲུབ་ཆེན་འགོ་བཙུགས་ཡི་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཚེ་དཔག་མེད་ཀྱི་སྐུ་རྟེན་དེ་ འགངས་ཅན་ཅིག་ཨིན་མི་དེ་ཡང་ རིང་ཚད་སེན་ཊི་མི་ཊར་༢༦ འབད་མི་ བྱིན་རླབས་ཅན་གྱི་ ཚེ་དཔག་མེད་ཀྱི་གཏེར་སྐུ་དེ་ཡང་ རྒྱ་གར་གྱི་རྒྱལཔོ་ ཨ་ཤོ་ཀ་གིས་བཞེངས་མི་ བླུགས་ཀུ་སྦེ་ཆ་བཞག་དོ་ཡོདཔ་ད་ དུས་རབས་༡༢ པའི་ནང་ བོད་ལས་མར་ ཆུ་ནང་བྱོན་པའི་སྐབས་ ཐིམ་ཡུལ་ལུ་ ཀུ་རི་ཆུ་དང་ སྐྱིད་ལུང་ཆུ་༢ འཛོམས་སར་ སྐྱིད་ལུང་རྒྱལ་པོ་དབང་ཆེན་དྷརྨའི་ཉ་རོགསཔ་གི་ སོར་ནང་ ཆུ་གཏེར་སྦེ་ བྱོན་པའི་ཤུལ་ལས་ སྐྱིད་ལུང་ལྷ་ཁང་ནང་ ཞུ་ཡོདཔ་ཨིན་པས།
སྐུ་དེ་ ལྷ་ཁང་དེ་ནང་ ལུང་བསྟན་མེད་ནི་དེ་གིས་ ལྷ་ཁང་གི་སྒོ་ཅུང་ནང་ལས་ ཐེངས་མང་རབས་ཅིག་ ལྕགས་ཀྱི་དྲྭ་མིག་རྐྱབ་རུང་ དྲྭ་མིག་དོང་སྤེད་དེ་ འཕུར་བྱོན་པའི་ལོ་རྒྱུས་ཡོདཔ་ད་ ཚར་གཅིག་ སྐུ་དེ་འཕུར་བྱོནམ་ད་སྐྱིད་ལུང་དང་ལྷུན་རྩེའི་བར་ན་ མཆོད་རྟེན་༣ ཡོད་སར་ སྒུག་སྡོད་པའི་ཤུལ་ལས་ ཤར་ཕྱོགས་པའི་ཁ་ནང་ ནོང་མ་མཆོད་རྟེན་ཟེར་ ས་གནས་ཀྱི་མིང་ དེ་ལས་བྱུང་བའི་ལོ་རྒྱུས་ཡོདཔ་ཨིན་པས།
ད་རུང་ ར་ཁུངས་ཅིག་ནང་ སྐུ་དེ་ འཕུར་བྱོན་པའི་སྐབས་ མི་མ་ཡིན་སྲུང་མ་ཚུ་གིས་ འུར་རྡོ་རྐྱབ་ད་ སྲོག་ཞུགས་ལུ་ཕོག་སྟེ་ བཅགས་བཏང་མི་དེ་ ད་ལྟོ་ མཇལ་ནི་ཡོདཔ་ད་ དེ་ལས་ འཕུར་བྱོན་པའི་སྐབས་ ལྷ་ཁང་གི་ལྕགས་ཀྱི་དྲྭ་མིག་སྡོང་སྤེད་སྤེདཔ་དང་ དེ་གི་འོག་ལུ་ ཞབས་རྗེས་བཞག་པའི་རྒྱུ་མཚན་ཚུ་ ཡོདཔ་ཨིན་པས།
ཤུལ་ལས་ ད་རུང་ འཕུར་བྱོན་པའི་ཤུལ་ལུ་ འཚོལ་སྡོད་པའི་བར་ན་ རྫོང་གི་ལྟག་ལུ་ བྱང་གཡུས་ཚན་ནང་ ཨམ་སྲུ་ཅིག་ རྩྭ་རྔ་བའི་སྐབས་ ཨ་ཙ་ཟེར་ གསུང་བྱོན་སར་གོ་བའི་ཤུལ་ལུ་ལྟཝ་ད་ སྐུ་མཇལ་མི་དེ་ ལུང་བསྟན་དང་འཁྲིལ་ ལྷུན་རྩེ་རྫོང་གི་ ནང་རྟེན་སྦེ་ ཞུ་ནུག།
སྐུའི་ཕྱག་གི་ ཨམ་མཐེ་བོང་ཅིག་ རྩ་རྔ་བའི་སྐབས་ ཟོརཝ་གིས་ཕོག་པའི་རྨ་དེ་ ད་ལྟོ་ཡང་ མཇལ་ནི་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *