ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ དམིགས་བསལ་ཤེས་ཡོན་ལས་རིམ་ འགོ་འབྱེད་འབད་བའི་བསྒང་།

ལྷུན་རྩེ་རྫོང་ཁག་ནང་ དམིགས་བསལ་ཤེས་ཡོན་ལས་རིམ་ གཞི་བཙུགས་འབད་ནི།

༉ རྒྱལ་ཁབ་ནང་ དམིགས་བསལ་ཤེས་ཡོན་ལས་རིམ་ གཞི་བཙུགས་མ་འབད་མི་ རྫོང་ཁག་དག་པ་ཅིག་གི་གྲས་ལས་ གཅིག་ཨིན་མི་ ལྷུན་རྩེ་རྫོང་ཁག་ནང་ སང་ཕོད་ སློབ་དུས་འགོ་བཙུགསཔ་དང་འབྲེལ་ ཨའུ་མཚོ་ སློབ་གྲྭ་ལྟེ་བ་ནང་སྦེ་ དམིགས་བསལ་ཤེས་ཡོན་ལས་རིམ་ གཞི་བཙུགས་ནི་ཨིན་པས།
དམིགས་བསལ་ཤེས་ཡོན་ལས་རིམ་དེ་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ འགོ་འབྱེད་འབད་ཡོདཔ་ད་ དེ་ནང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་དང་ སློབ་གྲྭ་ཁག་གི་དབུ་འཛིན་ དེ་ལས་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཅི།
ཤེས་རིག་དྲུང་ཆེན་གྱིས་ སླབ་མིའི་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྙན་ཞུ་ནང་ དབང་པོ་སྐྱོན་ཅན་དེ་ འགྲོ་བ་མི་ལུ་འཁོར་བའི་ རང་བཞིན་གྱི་ རྐྱེན་ངན་ཅིག་ཨིནམ་བཞིན་དུ་ ནམ་ཅིག་གི་ཚེ་ མི་ག་ར་ལུ་འཁོར་བའི་རྐྱེན་ངན་ཅིག་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།
སྤྱི་ལོ་༡༩༧༣ ལུ་ མི་དབང་རྒྱལ་ཚབ་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ མཁའ་གླིང་མུན་གསལ་གླིང་སློབ་གྲྭ་ གཞི་བཙུགས་མཛད་པའི་ཤུལ་ལས་ དབང་པོ་ལུ་ ཐོ་ཕོག་མི་ཨ་ལོ་ཚུ་ལུ་ ཕན་ཁྱད་བྱུང་བཞིན་དུ་ཡོདཔ་ད་ དབང་པོ་ལུ་ཐོ་ཕོག་མི་ཚུ་ལུ་ ཁྱད་ཆོས་དང་ ལྕོགས་གྲུབ་མ་འདྲཝ་ཡོདཔ་ཨིན་པས།
ཤེས་རིག་གི་ སྲིད་བྱུས་དང་འཁྲིལ་ དབང་པོ་སྐྱོན་ཅན་ཚུ་ ཤེས་ཡོན་དང་ ག་ཅིའི་ཐད་ལས་འབད་རུང་ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ དབྱེ་བ་མེད་པར་ གོ་སྐབས་འདྲ་མཉམ་བྱིན་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
ལས་རིམ་དེ་ གོང་འཕེལ་འགྱོ་བཞིན་ཡོད་རུང་ དེ་དང་བསྟུན་པའི་ གདོང་ལེན་ཚུ་ཡང་ཡོདཔ་ལས་ ལམ་ལུགས་དང་ལས་རིམ་ཚུ་ཡང་ སྔར་བ་ལྷག་སྟེ་ གོང་འཕེལ་དང་རྩ་བརྟན་བཟོ་ཞིནམ་ལས་ ཤེས་རིག་ལྷན་ཁག་གིས་ གཞུང་ལུ་ གྲོས་འབུལ་ཕུལ་ཡོདཔ་ལས་ དེ་གི་ཤུལ་ལས་ སློབ་ཕྲུག་རེ་རེ་བཞིན་དུ་གིས་ མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་མ་ཚད་ སློབ་དཔོན་ཚུ་ལུ་ཡང་ སྦྱོང་བརྡར་ཚུ་ བྱིན་ནིའི་འཆར་གཞི་ཡོད་ཟེར་ དྲུང་ཆེན་གྱིས་ བཤད་ཅི།
ཁོ་གིས་ བཤད་མིའི་ནང་ འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མ་དང་འཁྲིལཝ་ད་ ལྷུན་རྩེ་རྫོང་ཁག་ནང་ ཨ་ལོ་དབང་པོ་སྐྱོན་ཅན་བརྒྱ་ཆ་༢.༩ ཡོད་མི་དེ་ རྫོང་ཁག་༢༠ ནང་ མཐོ་ཤོས་ཨང་༣ པ་ནང་ ཚུད་དེ་ཡོདཔ་ཨིན་པས།
དེ་གི་ནང་ལས་ སྤྱི་ལོ་༢༠༡༩ གི་ཟླཝ་༩ པ་ཚུན་ ལས་རིམ་མེད་མི་རྫོང་ཁག་༧ དང་ ཁྲོམ་སྡེ་༡ ནང་ སློབ་གྲྭ་ཁག་༥༢ ནང་ དབང་པོ་སྐྱོན་ཅན་སློབ་ཕྲུག་བསྡོམས་༦༥༩ ཐོ་བཀོད་འབད་ཡོད་ས་ལས་ ལྷུན་རྩེ་རྫོང་ཁག་གི་ སློབ་གྲྭ་༡༢ ནང་ལས་ ཨའུ་མཚོ་སློབ་གྲྭ་ནང་ སློབ་ཕྲུག་༡༠ བརྩིས་ཏེ་ སློབ་ཕྲུག་༢༧༣ ཐོ་བཀོད་འབད་ཡོད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིནམ་ལས་ ལས་རིམ་གཞི་བཙུགས་འབད་དགོ་པའི་ འོས་འབབ་ངེས་ཏིག་འདུག་ཟེར་ཨིན་པས།
དེ་ལས་ བཙན་མཁར་རྒེད་འོག་ ཨའུ་མཚོ་སློབ་གྲྭ་ལྟེ་བ་ གདམ་ཁ་རྐྱབ་དགོ་མི་དེ་ཡང་ ས་གོ་སྦུག་ནང་ རང་བཞིན་གྱི་ རྐྱེན་ངན་མེད་པའི་ས་ཆ་ཨེ་ཀར་༢༥ དེ་ཅིག་ཡོད་པའི་ཁར་ མཐུན་རྐྱེན་ཚུ་ཡོད་པའི་ བློ་གསར་ལས་༡༠ པ་ཚུན་ཡོད་པའི་ ལྟོ་ཐོབ་སློབ་གྲྭ་ཅིག་འབདཝ་ལས་ སྟབས་བདེ་ཏོག་ཡོད་ནི་དེ་གིས་ཨིན་ཟེར་ ཤེས་རིག་དྲུང་ཆེན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ བུམ་ཐང་སྟངས་སློབ་གྲྭ་ལྟེ་བ་ནང་ཡང་ དམིགས་བསལ་ཤེས་ཡོན་ལས་རིམ་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ ལས་རིམ་ཡོད་མི་སློབ་གྲྭའི་གྱངས་ཁ་དེ་༢༠ ལུ་ ཡར་སེང་འགྱོ་ནི་ཨིནམ་ད་ འཆར་གཞི་༡༢ པའི་ནང་ གྱངས་ཁ་དེ་༢༨ ལུ་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པས།
ད་ལྟོ་ཚུན་ རྒྱལ་ཁབ་ནང་ དམིགས་བསལ་ཤེས་ཡོན་ལུ་བརྟེན་ སློབ་ཕྲུག་༦༨༧ ལུ་ ཁེ་ཕན་བྱུང་ཡོདཔ་བཞིན་དུ་ དེ་དང་འབྲེལ་བ་ཡོད་པའི་ སློབ་དཔོན་༧༨༣ ལུ་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ད་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་སློབ་དཔོན་ཚུ་ལུ་ཡང་ ལས་རིམ་དང་འབྲེལ་བའི་ གོམས་འདྲིས་སློབ་སྦྱོང་ཅིག་ བདུན་ཕྲག་འདི་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
ཨའུ་མཚོ་སློབ་གྲྭ་ལྟེ་བའི་དབུ་འཛིན་ ཕྱག་རྡོར་བསྟན་འཛིན་གྱིས་ བྱོན་ལེགས་གསལ་བཤད་ནང་ སླབ་མི་དང་འཁྲིལཝ་ད་ དམིགས་བསལ་ཤེས་ཡོན་ལས་རིམ་དེ་གིས་ ལྷུན་རྩེ་རྫོང་ཁག་རྐྱངམ་གཅིག་གིས་མ་དོ་བར་ མོང་སྒར་རྫོང་ཁག་འོག་གི་ ཉེ་འདབས་གཡུས་ཚན་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ ཨིན་པས།
ད་ལྟོ་ དམིགས་བསལ་ཤེས་ཡོན་ལས་རིམ་གྱི་དོན་ལུ་ ཁང་མིག་༡ འབད་མི་ སློབ་ཁང་ཅིག་ལས་བརྒལ་མེད་རུང་ ལྷུན་རྩེ་རྫོང་ཁག་ཤེས་རིག་འགོ་དཔོན་དང་འཁྲིལཝ་ད་ ལོ་༥ འི་འཆར་གཞི་༡༢ པའི་ནང་ སྒྲིང་ཁྱིམ་སོ་སོར་སྦེ་ རྐྱབ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པས།
ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་བློ་གཏད་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ཨའུ་མཚོ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *