ཚེ་བརྟན་གྱིས་ སྒོགཔ་གི་ཐོན་སྐྱེད་ཚུ་ སྐམ་བཞག་པའི་བསྒང་།

ལྷུན་རྩེ་རྫོང་ཁག་གིས་ དུས་ཅི་ སྒོགཔ་ཐོན་སྐྱེད་ རྒྱ་ཆེ་དྲགས་འབད་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་གིས་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དང་བསྟུན་ དུས་ཅི་ སྒོགཔ་གི་ཐོན་སྐྱེད་ རྒྱ་ཆེ་དྲགས་འབད་ཡོདཔ་ད་ སྒོགཔ་ཚུ་ཡང་ རྒྱ་གར་གྱི་སོན་རིགས་ པུ་ནི་དམརཔོ་དང་ བོམ་བེ་དམརཔོ་༢ ཨིན་པས།

རྫོང་ཁག་སོ་ནམ་ལས་ཚན་གྱིས་ ཚོད་དཔག་འབད་མིའི་ནང་ དུས་ཅི་ རྒེད་འོག་གཞན་ཚུ་ནང་ རང་སྤྱོད་ཀྱི་དོན་ལུ་ འཛུགས་སྐྱོང་འབད་མི་ཚུ་མ་བརྩིས་བར་ འཛུགས་སྐྱོང་རྒྱ་ཆེ་དྲགས་འབད་མི་ རྒེད་འོག་༣ གྱིས་ སྒོགཔ་མེ་ཊིག་ཊཱོན་༦༤ དེ་ཅིག་ ཐོན་སྐྱེད་འབད་ཡི་ཟེར་ཨིན་པས།

རྩིས་ཁྲ་ནང་བཀོད་མི་ ཐོན་སྐྱེད་ཡོངས་འབོར་དེ་ཡང་ སྒང་ཟུར་དང་ སྨིན་རྗེ་ བཙན་མཁར་རྒེད་འོག་༣ ལས་ ཐོན་སྐྱེད་འབད་ཡོདཔ་ད་ སྒོགཔ་དེ་ འབྲུག་པའི་ཚོདམོ་ནང་ མེད་ཐབས་མེདཔ་ཅིག་ཨིན་པས། 

སོ་ནམ་པ་སྡེ་ཚན་ཚུ་གི་གྲས་ལས་ མཐོ་ཤོས་སྒང་ཟུར་རྒེད་འོག་ ཐིམ་ཡུལ་ལུ་ སོ་ནམ་པ་༣༢ འབད་མི་ སྡེ་ཚན་དེ་གིས་ ས་ཞིང་ཨེ་ཀར་༩ ནང་ འཛུགས་སྐྱོང་འབད་ཡོདཔ་ད་ དེ་ལས་ སྒང་ཟུར་ལུ་ སོ་ནམ་པ་༡༥ འབད་མི་སྡེ་ཚན་དེ་གིས་ ས་ཞིང་ཨེ་ཀར་༣ དང་ སྨིན་རྗེ་རྒེད་འོག་ལེགས་ཤོ་སྒང་ལུ་ སོ་ནམ་པ་༥ གིས་ ས་ཞིང་ཨེ་ཀར་༢ དེ་ལས་ བུ་དུར་དང་དོམ་མཁར་ལུ་ སོ་ནམ་པ་༡༢ དང་༢༢ འབད་མི་སྡེ་ཚན་གྱིས་ ཞིང་ཨེ་ཀར་༦ དང་༤ ནང་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

སྒོགཔ་གི་སོན་ཚུ་ཡང་ ཀར་ལེབ་ལས་འགུལ་དང་ དཔལ་འབྱོར་ཐབས་བྱུས་མ་དངུལ་གྱིས་ རྒྱབ་སྐྱོར་ཐོག་ལས་ བཀྲམ་སྤེལ་འབད་ནུག།

སོ་ནམ་པ་ལ་ལོ་ཅིག་གིས་ ས་གནས་ཀྱི་ཁྲོམ་དང་ ཚོང་མགྲོན་པ་ཚུ་ལུ་ སྒོགཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ དང་༤༠ གི་བར་ན་སྦེ་ བཙོང་ནི་འགོ་བཙུགས་ཡོད་རུང་ མང་ཤོས་ཅིག་གིས་ ད་རེས་ནངས་པར་ སྐམ་བཞག་དོ་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་ལས་ཚན་གྱིས་ སོ་ནམ་པ་སྡེ་ཚན་ཚུ་ལུ་ སྒོགཔ་སྐམ་ནིའི་ ཁྱིམ་གྱི་རྒྱབ་སྐྱོར་འབད་ཡོདཔ་ད་ རྫོང་ཁག་སོ་ནམ་གཙོ་འཛིན་འགོ་དཔོན་ ཀརྨ་ཚེ་དབང་གིས་ སླབ་མིའི་ནང་ རྫོང་ཁག་གིས་ སོ་ནམ་པ་སྡེ་ཚན་ཚུ་ལུ་ སྒོགཔ་སྐམ་ནིའི་དོན་ལུ་ ཁྱིམ་༢༢ བཟོ་ནིའི་ཅ་ཆས་ཚུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

དེ་ཚུའི་གྲས་ལས་ ལེགས་ཤོ་སྒང་ལུ་ཁྱིམ་༣ དང་ ཐིམ་ཡུལ་ལུ་༤ སྒང་ཟུར་ལུ་༣ དང་ བུ་དུར་ལུ་༡༢ ཨིནམ་ད་ སོ་ནམ་པ་ཚུ་ལུ་ སྐམ་ཐངས་དང་ བསྡུ་གསོག་གི་སྦྱོང་བརྡར་ཚུ་ཡང་ བྱིན་ཡི་ཟེར་ཨིན་པས།

བུ་དུར་ལས་ ས་ཞིང་གླང་དོ་༡ དེ་ཅིག་ནང་ སྒོགཔ་འཛུགས་སྐྱོང་འབད་མི་ལུ་བརྟེན་ ཀེ་ཇི་༣༠༠ དེ་ཅིག་ ཐོན་སྐྱེད་འབད་མི་དེ་ ད་རེས་ནངས་པར་ སྐམ་བཞག་དོ་ཡོད་མིའི་ཇོ་བདག་ སྐྱེས་ལོ་༥༦ ལང་མི་ ཚེ་བརྟན་གྱིས་ སླབ་མིའི་ནང་ སྒོགཔ་དེ་ འདས་པའི་ལོ་ངོ་དག་པ་ཅིག་གི་གོང་ལས་ འཛུགས་སྐྱོང་འབད་ནི་ཡོད་རུང་ ཐོན་སྐྱེད་ཚུ་ བསྡུ་རནམ་ད་ ཆརཔ་གིས་རུལ་ནི་ཡོད་རུང་ དུས་ཅི་ དུས་ཚོད་ཁར་ སྐམ་ནིའི་ཐབས་ལམ་གྱི་ རྒྱབ་སྐྱོར་ཐོབ་ཡོདཔ་ལས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྒོགཔ་ཚུ་སྐམ་ཞིནམ་ལས་ ལེགས་ཤོམ་སྦེ་ བསྡུ་གསོག་འབད་ཚུགས་པ་ཅིན་ ཟླཝ་༥ དེ་ཅིག་ སྐྱོན་མེད་པར་སྡོད་འོང་ཟེར་ཨིན་པས།

ཨིན་རུང་ ཚོད་བསྲེ་ཚེོང་པ་ མང་ཤོས་ཅིག་གིས་ ནང་འདྲེན་འབད་མི་སྒོགཔ་ཚུ་ གདམ་ཁ་རྐྱབ་ནི་དེ་གིས་ ནང་འཁོད་སྒོགཔ་གི་ཐོན་སྐྱེད་ལུ་ གདོང་ལེན་ཆུང་ཀུ་ཅིག་ཡོད་རུང་ ཚོང་མགྲོན་པ་གཙོ་བོ་ རྫོང་ཁག་ནང་འཁོད་ཀྱི་ ལྟོ་ཐོབ་སློབ་གྲྭ་ཚུ་དང་གཅིག་ཁར་ གན་ཡིག་བཟོ་ཡོད་ནི་དེ་གིས་ བཙོང་ས་ངོ་མ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ཚུ་དང་འཁྲིལཝ་ད་ རྫོང་ཁག་གི་ ལྟོ་ཐོབ་སློབ་གྲྭ་གཙོ་བོ་ ཨའུ་མཚོ་དང་ སྟག་མོ་ཆུ་སློབ་གྲྭ་ལྟེ་བ་༢ དང་ ལྷུན་རྩེ་སློབ་གྲྭ་ཆེ་བ་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་བརྩིས་ཏེ་ གཞན་ལྟོ་ཐོབ་སློབ་གྲྭ་ཆུང་བ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ གན་ཡིག་བཟོ་ཡོདཔ་ལས་ དེ་གིས་ ཚོང་ལམ་གྱི་དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *