ལྷུན་རྩེ་ཁྲོམ།

ལྷུན་རྩེ་དང་ མོང་སྒར་བར་ནང་ སྐྱེལ་འདྲེན་བཱསི་གི་ཞབས་ཏོག་མེད་པར་ ཟླཝ་ལྷག་ཡོདཔ།

༉ ད་རེས་ ལྷུན་རྩེ་དང་ མོང་སྒར་བར་ནང་ རྒྱུན་འགྲུལ་འཐབ་མི་ སྐྱེལ་འདྲེན་བཱསི་གི་ཞབས་ཏོག་དེ་ ཨ་རྟག་ཧར་ལུགས་སྦེ་ བྱིན་མ་ཚུགས་པར་ ཟླཝ་ལྷག་ཡོདཔ་ད་ ཞབས་ཏོག་དེ་ཡང་ སྤྱི་ཟླ་༥ པ་འགོ་བཙུགས་ཁམས་ལས་ སྣུམ་འཁོར་མེདཔ་ཐལ་མི་ལུ་བརྟེན་ ལེགས་བཅོས་འབད་མ་ཚུགསཔ་ལས་ ཇོ་བདག་གིས་ ཆ་མེད་ཀྱི་ཞུ་བ་ཕུལ་མི་ལུ་བརྟེན་ ཆ་འཇོག་འབད་བའི་ཤུལ་ལས་ འཕྲོ་མཐུད་མ་ཚུགས་པས།

དེ་གིས་ མི་མང་སྐྱེལ་འདྲེན་ཞབས་ཏོག་ལུ་ ཐོ་ཕོག་ཡོདཔ་ད་ ལྷུན་རྩེ་ལས་ མི་མང་ཤོས་ཅིག་ ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་ཞབས་ཏོག་དང་ ཁྲོམ་ཁར་ཉོ་ཚོང་རྐྱབ་པར་ མོང་སྒར་ལུ་ འོང་དོ་ཡོདཔ་ཨིན་པས།

སྨིན་རྒྱས་རྒེད་འོག་ནང་ལས་ རྡོ་རྗེ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་བཱསི་ཡོད་པ་ཅིན་ སྟབས་བདེ་ཏོག་ཏོ་སྦེ་ དྲོ་པ་ལཱ་ཚུ་འབད་དེ་ ཕྱི་རུ་ལོག་ཁྱིམ་ནང་ལྷོད་ཚུགསཔ་ཨིན་རུང་ ད་རེས་ སྣུམ་འཁོར་མ་ཐོབ་པའི་ཁར་ ཟད་འགྲོ་ཐེབས་གནས་ནི་དེ་གིས་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བྱ་ཐབས་མེད་པར་ སྣུམ་འཁོར་བཀག་ནི་ལུ་ རེ་བ་བསྐྱེད་དེ་ འཁོར་ལམ་བདའ་སྟེ་ལམ་འགྱོ་བའི་སྐབས་ འཕྲལ་འཕྲལ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ལམ་འགྱོཝ་ད་ སྣུམ་འཁོར་འཐོབ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ གླ་འཁོར་ཚུ་ཡང་ མངམ་སྦེ་མེདཔ་ད་ བསྡོམས་ཀྱིས་གླ་འཁོར་༧ དེ་ཅིག་ཡོད་མི་ཚུ་ཡང་ བཙན་མཁར་རྒེད་འོག་ཡིག་ཚང་གི་ཉེ་འདབས་ལུ་ ཕ་ཝཱན་ཟེར་སར་ཡོདཔ་ད་ རེ་གཉིས་ས་གནས་ཁག་སོ་སོར་ཚུ་ནང་ཡོདཔ་ལས་ འཐོབ་མ་ཚུགས་པའི་ཁར་ མཁོ་མངགས་འབད་བ་ཅིན་ གླ་འཁོར་ཅིག་ལུ་ གླ་ཆ་དངུལ་ཀྲམ་༢༥༠༠ དང་༣༠༠༠ གི་བར་ན་ སྤྲོད་དགོ་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ལྷུན་རྩེ་གི་ འགྲུལཔ་ཚུ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་བཱསི་ནང་འབད་བ་ཅིན་ གླ་ཆ་དངུལ་ཀྲམ་༡༥༠ དེ་ཅིག་ལས་བརྒལ་ སྤྲོད་མ་དགོ་ནི་དེ་གིས་ ཉམ་ཆུང་ཚུ་གི་དོན་ལུ་ ཕན་སྦོམ་ཐོགས་ཡོད་ཟེར་ཨིན་པས།

དེ་འབདཝ་ད་ ད་རེས་ནངས་པར་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དང་འཁྲིལ་ ལྷུན་རྩེ་ལས་ མོང་སྒར་ལུ་ ཕར་ཚུར་འགྲོ་འགྲུལ་འབད་མི་ཡང་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ བབས་ཡོདཔ་ཨིན་པས།

ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཇོ་བདག་ཅིག་ལུ་ སྐྱེལ་འདྲེན་ཞབས་ཏོག་གསརཔ་ བཙུགས་ཆོག་པའི་གནང་བ་བྱིན་ཡོདཔ་བཞིན་དུ་ དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

ལྷུན་རྩེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡན་ལག་ཡིག་ཚང་གི་འགོ་འཛིན་པ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ཡོད་མི་ འཇམ་དཔལ་ནོར་བཟང་སྐྱེལ་འདྲེན་ཞབས་ཏོག་དེ་ སྣུམ་འཁོར་གྱི་འཕྲུལ་ཨམ་ མེདཔ་ཐལ་ཡོདཔ་ལས་ མི་མང་གི་ཉེན་སྲུང་ལུ་ གཞི་བཞག་སྟེ་ ཇོ་བདག་གིས་ ཞབས་ཏོག་བཤོལ་བཞག་གི་ ཞུ་བ་འབད་མི་ལུ་ ཆ་འཇོག་འབད་ཡི་ཟེར་ཨིན་པས།

ཨིན་རུང་ ག་དེས་མགྱོགས་མགྱོགས་ ཚབ་བཙུགས་ནིའི་དོན་ལུ་ དང་འདོད་ཅན་གྱི་ ཇོ་བདག་ཅིག་ལུ་ གནང་བ་བྱིན་ཡོདཔ་ལས་ མགྱོགས་པ་ར་ ཞབས་ཏོག་དེ་ འཕྲོ་མཐུད་བྱིན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

གོ་རྟོགས་བྱུང་མི་དང་འཁྲིལཝ་ད་ སྐྱེལ་འདྲེན་བཱསི་དེ་ ད་ལྟོ་ ཕུན་ཚོགས་གླིང་ལུ་ལྷོད་ཡོདཔ་བཞིན་དུ་ བཟོ་བའི་བསྒང་ཡོདཔ་ལས་ ལྷུན་རྩེ་ལུ་ ཟླཝ་འདི་ནང་ར་ ལྷོད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལྷུན་རྩེ་ལུ་ བཱསི་བཞག་སའི་ས་ཁོངས་ཅིག་ཡང་ ངེས་པར་དུ་ དགོཔ་ཡོདཔ་ད་ གཏན་འཁེལ་གྱི་བཞག་ས་ཅིག་མེད་མི་ལུ་བརྟེན་ ད་ཚུན་ དེད་གཡོགཔ་གི་ བདེ་སྡུག་དང་འཁྲིལ་ ག་ལྷོད་བཞག་མི་དེ་གིས་ འགྲུལ་པ་ཚུ་ལུ་ ཤོག་འཛིན་བཏོགས་ནི་དང་ ཁུར་ཆ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

དེ་མ་ཚད་ གླ་འཁོར་མེད་པའི་ཁར་ གོང་འཕེལ་འགྱོ་བའི་བསྒང་ཨིན་མི་ཁྲོམ་ཁར་ གླ་འཁོར་བཞག་ས་ཡང་ མེདཔ་ཨིན་པས།

དགོས་མཁོ་ཡོད་མི་ལུ་བརྟེན་ དབང་འཛིན་གྱིས་ སྤྱི་ལོ་༢༠༡༣ ལུ་ ཧེ་མ་ མར་ཁུ་བཀྲམ་སྤེལ་ས་ཁོངས་དེ་ མེ་གིས་འཚིགས་པའི་ཤུལ་ལས་ གསུམ་པ་ལུ་ སྤོ་བཤུད་འབད་ཡོདཔ་ད་ ས་གོ་དེ་ དབང་འཛིན་གྱི་མིང་ཐོ་ཁར་ཁྲམ་རྐྱབ་ཞིནམ་ལས་ སྣུམ་འཁོར་བཞག་ས་ཅིག་ ཡིག་ཚང་དང་སྦྲགས་ རྐྱབ་དགོ་པའི་ཞུ་བ་འབད་ཡོདཔ་ཨིན་པས།

ས་ཁྲ་དང་འཁྲིལཝ་ད་ སྒྲིང་ཁྱིམ་དེ་ནང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཡིག་ཚང་དང་ འགག་སྡེའི་སྣུམ་འཁོར་སྡེ་ཚན་གྱི་ཡིག་ཚང་ ཁུར་ཆ་བཞག་ས་ སྲུང་རྒྱབ་གི་ཁང་མིག་ ལས་བྱེདཔ་གི་སྡོད་ཁྱིམ་དང་ མགྲོན་ཁྱིམ་ཡོད་པའི་ ཐོག་ཚད་༣ འབད་མི་ སྒྲིང་ཁྱིམ་རྐྱབ་ནིའི་ འཆར་གཞི་དེ་ ཧ་ལམ་ ཆ་འཇོག་སོང་ཡོད་རུང་ བར་སྐབས་ཅིག་ལས་ ཐོགས་ལུས་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

དབང་འཛིན་གྱི་ཡན་ལག་ཡིག་ཚང་དེ་ དེ་བསྒང་ སྦ་སྒོར་ཅིག་ནང་ གཞི་བཙུགས་འབད་བའི་ཤུལ་ལས་ འདས་པའི་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཁྲོམ་ཁར་སྒྲིང་ཁྱིམ་ཚུ་རྐྱབ་ཞིནམ་ལས་ སྒྲིང་ཁྱིམ་ཅིག་ནང་ སྤོ་བཤུད་འབད་ཡོདཔ་ད་ ཡིག་ཚང་གསརཔ་དེ་གིས་ ད་རེས་ནངས་པར་ ཕག་གླིང་ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཡོད་མི་དེ་ཡང་ མར་ཕབ་འབད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

དམ་ཆོས་རྡོ་རྗེ་གིས་ བཤད་མིའི་ནང་ ལས་བྱེད་པའི་ཡིག་ཚང་དང་ སྡོད་ཁྱིམ་གཅིག་ཁར་ཡོད་པ་ཅིན་ སྐབས་སྐབས་སྐྱེལ་འདྲེན་བཱསི་ཚུ་ ཕྱིས་སུ་སྦེ་ལྷོད་པའི་སྐབས་ ལྟ་རྟོགས་ལེགས་ཤོམ་འབད་ཚུགས་པའི་ཁར་ དྲོ་པ་བཏངམ་ད་ཡང་ མ་བཏང་པའི་ཧེ་མར་ མི་མང་ཉེན་སྲུང་གི་དོན་ལུ་ ལྟ་རྟོག་མཐིལ་ཕྱིན་འབད་ཚུགས་ནི་མས་ཟེར་ཨིན་པས།

དེ་མ་ཚད་ ཁྲོམ་ཁར་ སྒྲིང་ཁྱིམ་༡ ནང་རྐྱངམ་གཅིག་ ཁང་མིག་༤ འབད་མི་ ཉལ་ཁང་ཡོདཔ་ལས་ མགྲོན་ཁྱིམ་དང་ ཁུར་ཆ་བཞག་ས་ཅིག་ཡོད་པ་ཅིན་ འགྲུལ་པ་ཚུ་གི་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *