ཚོང་ཁང་རྙིངམ་བརྡལ་བའི་བསྒང་།

ལྷུན་རྩེ་ཁྲོམ་ལམ་རྒྱ་སྐྱེད་ནང་ཚུད་མི་ཚོང་པ་ཚུ་ གནས་སྐབས་ཀྱི་ ས་ཚན་ཐོབ་ཡོདཔ།

༉ ལྷུན་རྩེ་ ཕ་གླིང་ཁྲོམ་ཁར་ ཁྲོམ་ལམ་རྒྱ་སྐྱེད་ལུ་བརྟེན་ ཁྱིམ་སྦ་སྒོར་སྤོ་བཤུད་འབད་དགོ་མི་ལུ་བརྟེན་ མ་འགྲིགས་པར་ སྡོད་པའི་བར་ན་ རྫོང་ཁག་བདག་སྐྱོང་གིས་ གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ལུ་ ཟླཝ་༦ གི་དོན་ལུ་ ས་ཚན་བགོ་བཀྲམ་འབད་ནུག།
དེ་ཡང་ རྫོང་ཁག་གིས་ ཚོགས་ཆུང་བཟོ་བའི་ཤུལ་ལས་ ས་ཆ་གླར་སྤྱོད་སྒྲིག་གཞི་༢༠༡༨ ཅན་མའི་ནང་ གནས་སྐབས་ཀྱི་ས་ཚན་ སྤྲོད་ནིའི་དབང་ཆ་ཡོད་མི་དང་འཁྲིལ་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ བགོ་བཀྲམ་འབད་ནུག།
ཚོགས་ཆུང་དེ་ཡང་ རྫོང་བདག་གིས་ ཁྲི་འཛིན་ཐོག་ རྫོང་ཁག་ས་ཁྲམ་འགོ་དཔོན་དང་ རྫོང་ཁག་བཟོ་རིག་འགོ་དཔོན་ ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ མཐའ་འཁོར་གནས་སྟངས་འགོ་དཔོན་ ནགས་ཚལ་གླིང་འཛིན་འགོ་དཔོན་ དེ་ལས་ ཁྲོམ་སྡེའི་འཐུས་མི་ཚུ་ཡོདཔ་ཨིན་པས།
ཁྲོམ་ལམ་རྒྱ་སྐྱེད་ལུ་བརྟེན་ གནོད་སྐྱོན་བྱུང་མི་ ས་ཚན་མེད་མི་ ཚོང་པ་༣ ལུ་ སྨན་ཁང་གི་ལྟག་ལུ་ ས་གནས་སྟོང་ཀང་ལ་ཟེར་སར་ གནས་སྐབས་ཀྱི་ས་ཚན་ནང་ ཁྱིམ་རྐྱབ་སྟེ་ ཚོང་རྐྱབ་ནིའི་གནང་བ་ བྱིན་ཡོདཔ་ཨིན་པས།
ལྷུན་རྩེ་ཁྲོམ་ཁར་ ཚོང་རྐྱབ་སྟེ་ཡུན་རིངམོ་སོང་རུང་ ས་ཚན་མེད་མི་ ཚོང་པ་༧ ལས་ སྟོང་ཀང་ལ་ལུ་ཡོད་མི་ཚོང་པ་༢ དང་ ལྷུན་རྩེ་ལས་མོང་སྒར་ཁ་ཐུག་ལུ་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་ཁར་ མཁོ་མང་ཟམ་ལུ་ ཚོང་ཁང་༢ ཁྲོམ་ལམ་རྒྱ་སྐྱེད་ལུ་བརྟེན་ གནོད་པ་བྱུང་རུང་ ཚོང་པ་གཞན་དང་གཅིག་ཁར་ གླར་སྤྱོད་ཀྱི་གནས་ཡུན་དེ་ རྫོགས་སོཔ་ལས་ ཁོང་༤ ལུ་ཡང་ དུས་ཡུན་ཟླཝ་༦ ཡུན་འགྱངས་འབད་ནུག།
དེ་བཟུམ་སྦེ་ ས་ཚན་ཡོད་མི་ ཁྱིམ་རྐྱབ་མ་ཚུགས་མི་ ཚོང་པ་ཚུ་ལུ་ཡང་ ཁོང་གི་ས་ཚན་གྱི་ཟུར་ཁ་ ཟླཝ་༦ གི་རིང་ གནས་སྐབས་ཀྱི་ ཁྱིམ་རྐྱབ་ཆོག་པའི་གནང་བ་བྱིན་ནུག།
རྫོང་ཁག་ཚོགས་ཆུང་གི་ དྲུང་ཆེན་འཐུས་མི་ རྫོང་ཁག་ས་ཁྲམ་འགོ་དཔོན་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ རྫོང་ཁག་གི་ དབང་ཆ་དང་འཁྲིལ་ ས་ཚན་ཚུ་ གནས་སྐབས་ཀྱི་དོན་ལུ་ བགོ་བཀྲམ་འབད་ཡོད་རུང་ ཡུན་རིང་གླར་སྤྱོད་ཀྱི་དོན་ལུ་ འབད་བ་ཅིན་ གླར་སྤྱོད་ཀྱི་ སྒྲིག་གཞི་དང་ ལམ་ལུགས་དང་འཁྲིལཝ་ད་ ཚོང་གི་གྲོས་འཆར་ཚུ་ བཙུགས་དགོཔ་འོང་ཟེར་ཨིན་པས།
ལྷུན་རྩེ་ཁྲོམ་སྡེའི་འཐུས་མི་ བསོད་ནམས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གནོད་པ་བྱུང་མི་ ཚོང་པ་དག་པ་ཅིག་གིས་ ས་ཁོངས་གསརཔ་ནང་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་ནི་འགོ་བཙུགས་ཡོད་རུང་ གཞན་མི་ཚུ་ གྲ་སྒྲིག་འབད་བའི་བསྒང་ ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *