ལྷན་རྒྱས་གཞུང་ཚོགས་ཀྱིས་ དངུལ་ཀྲམ་ས་ཡ་༦༥ གི་ གཞུང་གི་འགན་ལེན་ཆ་འཇོག་འབད་ཡོདཔ།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ འཕྲུལ་རིག་ཐོག་ལས་ བྱ་ཤ་བཟོ་སྒྱུར་ལས་འགུལ་གྱི་དོན་ལུ་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༦༥ སྐྱིན་འགྲུལ་ཞུ་ནིའི་ གཞུང་གི་འགན་ལེན་ ཆ་འཇོག་འབད་ཡོདཔ་ཨིན་པས།

དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་༡ པའི་ཚེས་༡༢ ལུ་ གཞུང་གི་འགན་ལེན་དགོ་པའི་ ཞུ་བ་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་དེ་ སྐྱིན་འགྲུལ་ལེན་ནིའི་ བཀའ་རྒྱ་གནང་ནུག།

བཀའ་རྒྱ་དང་འཁྲིལཝ་ད་ ད་ལས་ཕར་ གཞུང་གིས་ གཞུང་དབང་ལས་འཛིན་ཚུ་ལུ་ གྲོགས་རམ་མ་དངུལ་མེན་པར་ སྐྱིན་འགྲུལ་ལེན་ནི་གི་ སྲིད་བྱུས་རྒྱབ་སྐྱོར་དང་ གཞུང་གི་འགན་ཡིག་རྐྱངམ་གཅིག་ བྱིན་འོང་ཟེར་ཨིན་པས།

གལ་སྲིད་ ལས་འགུལ་དེ་ མཐར་འཁྱོལ་མ་འབྱུང་པའི་ཁར་ སྐྱིན་འགྲུལ་ཚུ་ ལོག་བཏབ་དགོ་པ་ཅིན་ ལྷན་ཚོགས་ཀྱིས་ དངུལ་རྩིས་ལྷན་ཁག་ལུ་ བཀོད་མིའི་ནང་ གཞུང་གི་དངུལ་སྤྲོད་འཁྲི་འགན་གྱི་ དྭངས་གསལ་ཅན་གྱི་ འགན་ཚད་ཡོད་མེད་བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།

དེ་མ་ཚད་ གཞུང་དང་ གཞུང་དབང་ལས་འཛིན་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་གི་བར་ན་ བརྡ་དོན་བྱ་སྒོ་དང་ དངུལ་ཀྲམ་ས་ཡ་༦༥ དེ་ ལས་སྣ་གཞན་ཁ་མ་གཏང་པར་ མ་དངུལ་དེ་ ལེགས་ཤོམ་སྦེ་ ལག་ལེན་ངེས་བརྟན་གྱི་ ཐབས་ཤེས་ཡོད་མེད་ཀྱི་ བསྐྱར་ཞིབ་དགོཔ་སྦེ་ཨིན་པས།

དངུལ་རྩིས་ལྷན་ཁག་གི་ གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ཟླ་༡༢ པའི་ ནང་འཁོད་ལུ་ གཞུང་གི་འགན་ལེན་སྐྱིན་འགྲུལ་མ་བཏབ་པར་ དངུལ་ཀྲམ་ཐེར་འབུམ་༤.༩༩ འབདཝ་ད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དམིགས་གཏད་བཀོད་མི་ལས་ བརྒྱ་ཆ་༢.༤ གི་རྩིས་ཨིན་པས།

དེ་ཡང་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་ལུ་ དངུལ་ཀྲམ་ས་ཡ་༥༨༠.༡༤ བརྩིས་ཏེ་ཨིནམ་ད་ གཞུང་གི་འགན་ལེན་དེ་ མི་མང་བུ་ལོན་སྲིད་བྱུས་༢༠༡༦ ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥ བཞག་དགོ་པའི་ ཚད་གཞི་ནང་འཁོད་ལུ་ཨིན་པས།

གཞུང་གི་འགན་ལེན་དེ་ གཞུང་དབང་ལས་འཛིན་གྱི་ ཁ་ཐུག་ལས་ འཁྲི་འགན་ཅིག་ཨིན་པས།

འཆར་དངུལ་སྙན་ཞུ་༢༠༢༢-༢༣ དང་འཁྲིལཝ་ད་ གཞུང་དབང་ལས་འཛིན་ཚུ་ལུ་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༡.༩༢ དཔྱད་སྐོ་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༨༤ རྒྱུན་སྐྱོང་དང་ དངུལ་ཀྲམ་ས་ཡ་༧༥.༨༩ དེ་ གསར་སྒྲུབ་མ་དངུལ་ཨིན་པས།

འཆར་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༡.༤༡ ནང་འཁོད་གློག་མེ་སྤྱོད་འཐུས་དང་ དངུལ་ཀྲམ་ས་ཡ་༡༨༢.༧༧ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༠.༥ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ དེ་ལས་ དངུལ་ཀྲམ་ས་ཡ་༥༠.༤༥ དེ་རྒྱལ་ཡོངས་སི་ཨེསི་སི་གོང་འཕེལ་དངུལ་གྱི་ མི་སྡེ་བརྡ་དོན་ལྟེ་བ་ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།

དེ་མ་ཚད་ དངུལ་ཀྲམ་༨༦.༦ གནམ་གྲུ་ཉོ་ནིའི་དོན་ལུ་ཨིནམ་ད་ དངུལ་ཀྲམ་ས་ཡ་༣.༦ སྐྱེད་མར་ཕབ་ཀྱི་གྲོགས་རམ་ དེ་ལས་ དངུལ་ཀྲམ་ས་ཡ་༣.༦ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་ལས་འཛིན་ལུ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *