ལྷན་ཁག་དང་ ལས་སྡེ་ཚུ་གིས་ རྩིས་འགྲིག་འབད་མ་ཚུགས་མི་ཚུ་ ལོ་༡ གི་ནང་ འཁོད་ལུ་ ཚར་དགོཔ།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ སྤྱི་ལོ་༢༠༡༠ ལས་༢༠༡༦ གི་བར་ན་ བསྣར་འགྱངས་སྦེ་ལུས་མི་ རྩིས་འགྲིག་འབད་མ་ཚུགས་པའི་ མ་དངུལ་ཚུ་ ལོ་༡ གི་ནང་འཁོད་ལུ་ མཇུག་བསྡུ་དགོ་པའི་ གྲོས་ཐག་བཅད་ཅི།

དམངས་རྩིས་ཚོགས་ཆུང་གིས་ གནད་དོན་དེ་ དུས་ཅི་སྤྱི་ཟླ་༡༠ པའི་ཚེས་༣༠ གི་ནང་འཁོད་ལུ་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ཁག་ཚུ་གིས་ འགན་ཁུར་འབག་སྟེ་ བསལ་མ་ཚུགས་པ་ཅིན་ མི་དམངས་སྙན་གསན་ཚུ་ ག་དེ་མང་མང་ འབད་ནི་ཟེར་ཞུ་ཡི།

དེ་མ་ཚད་ ཚོགས་ཆུང་གིས་ རྩིས་ཞིབ་དབང་འཛིན་དང་ རྩིས་འགྲིག་འབད་ནིའི་ནང་ འབྲེལ་བ་ཡོད་མི་ ལྷན་ཁག་དང་ ལས་སྡེ་ཁག་ ཚུ་ལུ་ ཞག་དུས་བྱིན་ནི་སྦེ་ ཐག་བཅད་ཡོད་པའི་སྐོར་ལས་ཞུ་ཡི།

དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ལས་སྡེ་དང་ལྷན་ཁག་ཚུ་ལུ་ རྩིས་འགྲིག་མ་འབད་བའི་སྐོར་ལས་ ཧེ་མ་ཡང་ འགན་ཁུར་བཀལ་བཞིན་དུ་ཡོདཔ་ལས་ ད་ལས་ཕར་ རྩིས་འགྲིག་མ་འབད་བ་ཅིན་ འགན་འཁྲི་དེ་ ག་ལུ་ཕོགཔ་ཨིན་ན་ འཁོད་དགོཔ་འདུག་ཟེར་ཞུ་ཡི།

ཁོ་གིས་ ཚོགས་ཐེངས་གཉིས་པའི་ ཚོགས་རིམ་༦ པ་དང་༨ པའི་ནང་ གྲོས་ཐག་བཅད་མི་ལྟར་ འགན་འཁྲི་དེ་ དམངས་རྩིས་ཚོགས་ཆུང་ལུ་བཀལ་ཏེ་ རྩིས་འགྲིག་གི་དུས་ཡུན་ ཚོགས་ཆུང་གིས་བཟོ་མི་ལུ་མེན་པར་ སྤྱི་ལོ་༢༠༡༩ ཟླ་༣ པའི་ཚེས་༣༡ ཚུན་བྱིན་པ་ཅིན་ འོས་འབབ་འདུག་ཟེར་ཞུ་ཡི།

དེ་ཡང་ ཚོགས་ཆུང་གིས་བྱིན་མི་ དུས་ཡུན་དེ་ གནས་སྐབས་གཞུང་གི་སྐབས་ལུ་ ཚུད་ནི་དེ་གིས་ གཞུང་དེ་གིས་ རྩིས་འགྲིག་འབད་མ་བཏུབ་མིའི་སྐོར་ལས་ སྙན་གསན་འབད་དགོ་མི་ཚུ་ ག་དེ་སྦེ་འབད་འོང་ག་ སླབ་མི་ཚུགས་ནི་མས་ཟེར་ཞུ་ཡི།

ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ ཚོགས་ཆུང་གིས་ དུས་ཡུན་ཟླཝ་༦ བྱིན་ཏེ་ཡོདཔ་ལས་ རྩིས་འགྲིག་འབད་མ་ཚུགས་མི་དེ་ དཀའ་ངལ་ག་ཅི་ལུ་བརྟེན་ཨིན་ན་ ཚོགས་ཁང་ནང་ གསུང་གྲོས་མ་གནང་པ་ཅིན་ དཀའ་ངལ་བསལ་ཚུགས་ནི་དེ་ ལཱ་ཁག་འོང་ཟེར་ཞུ་ཡི།

དེ་འབདཝ་ལས་ མོ་གིས་འབད་བ་ཅིན་ ལས་སྡེ་དང་ལྷན་ཁག་ཚུ་གིས་ དོན་ཅན་སྦེ་ར་ རྩིས་འགྲིག་མ་འབད་བར་ བཞག་བཞགཔ་མེན་པར་ ཁོང་ལུ་ཡང་ དཀའ་ངལ་ཚུ་ཡོདཔ་ལས་ ཚོགས་ཁང་གིས་ དཀའ་ངལ་ཚུ་ག་ཅི་ཡོདཔ་ཨིན་ན་ སེལ་ཐབས་འགྲིག་པ་ཅིན་ དེ་གིས་ མ་འོངས་པའི་ནང་ཡང་ དེ་བཟུམ་མའི་ གནས་སྟངས་འཐོན་ནི་ལས་ སྔོན་འགོག་འབད་ཚུགསཔ་ལས་ ད་ལྟོ་ལས་ གྲ་སྒྲིག་འབད་ཚུགས་ནི་མས་ཟེར་ཞུ་ཡི།

ཚོགས་ཆུང་གིས་འབད་རུང་ ཐབས་ཤེས་དང་ལམ་སྟོན་ཚུ་ ག་ཅི་བཏོན་པ་ཅིན་ དྲག་ནི་ཨིན་ན་ཚུ་ བལྟ་དགོཔ་འདུག་ཟེར་ཨིནམ་ད་ རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་བའི་སྐབས་ རྩིས་འགྲིག་འབད་མ་ཚུགས་མི་དེ་ ལམ་སྟོན་དང་ ལྟ་རྟོག་ལེགས་ཤོམ་མེད་པའི་ སྐྱོན་བཀོད་དེ་འདུག་ཟེར་ཞུ་ཡི།

སྤ་རོ་ ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་ ཁོ་ར་ བསྟན་རྒྱས་ལྷན་ཁག་དང་ ཕྱི་འབྲེལ་ལྷན་ཁག་ནང་ སྡོད་པའི་སྐབས་ དེ་བཟུམ་མའི་དཀའ་ངལ་ཡོད་མི་དེ་ བསལ་ནིའི་དོན་ལུ་ ཐབས་ཤེས་བཏོན་ཏེ་ འབད་ཚུགས་རུང་ ལ་ལོ་ཅིག་ རྩ་ལས་རྩིས་འགྲིག་འབད་མ་ཚུགས་པའི་ཁར་ ལ་ལོ་བདའ་ཟུན་མ་ཚུགས་པའི་ གནས་སྟངས་ཡང་ཡོད་རུང་ ལོ་༢ དེ་ཅིག་གི་ནང་འཁོད་ལུ་ སེལ་ཐབས་འབད་ཚུགས་ཡི་ཟེར་ཞུ་ཡི།

དེ་བཟུམ་སྦེ་ ཚོགས་ཆུང་རྐྱངམ་གཅིག་ལུ་ འགན་ཁུར་བཀལ་བཞག་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་པའི་ འོས་འབབ་མེདཔ་ལས་ དུས་ཚོད་དེ་ རན་ཏོག་ཏོ་བྱིན་དགོཔ་གལ་ཆེ་ཟེར་ཞུ་ཡི།

པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གནད་དོན་དེ་ ག་ར་ཁྲིམས་འདུན་ལུ་བཀལ་བ་ཅིན་ བཀལ་ཡང་མི་ཚར་ནི་ཨིནམ་ལས་ ཐབས་ཤེས་བཏོན་ཏེ་ གནད་དོན་དེའི་སྐོར་ལས་ བར་ན་ལས་ བློ་སླབ་མི་ ཁྲིམས་འདུན་སོགས་བཙུགས་དགོ་པའི་ བསམ་འཆར་ཞུ་ཡི།

མགར་ས་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གསརཔ་ རྡོ་རྗེ་མཁའ་འགྲོ་གིས་ དཀའ་ངལ་དེ་ སེལ་ཐབས་འབད་ནི་ལུ་ ཞག་དུས་བྱིན་ཏེ་ འཕྲལ་འཕྲལ་སྦེ་ར་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཞུ་ཡི།

ཀྲོང་གསར་ནུབ་སྦིས་སྟངས་སི་སྦྱིས་ཀྱི་འཐུས་མི་ དངོས་གྲུབ་བཟང་པོ་གིས་ ཚོགས་ཆུང་གི་གྲོས་འདེབས་དེ་ བློ་འདོད་མེད་པའི་གྲོས་འདེབས་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་མི་དེ་ཡང་ དཀའ་ངལ་དེ་ ཧེ་མ་ལས་ཡོདཔ་ལས་ གྲོས་འདེབས་འབད་ཡི་ར་ ཕར་འཕུད་བཞག་སྟེ་ཡོདཔ་ལས་ ད་རུང་ ཚོགས་ཆུང་གིས་ཡང་ ཕར་འཕུད་དོ་བཟུམ་ཅིག་ལས་ མ་མཐོང་ཟེར་ཞུ་ཡི།

ཚོགས་ཆུང་གི་ཁྲི་འཛིན་འོགམ་ ངང་ལམ་གྱི་འདེམས་ངོ་ ཆོས་གྲགས་རྒྱ་མཚོ་གིས་ ད་རེས་ཀྱི་ གྲོས་འདེབས་འབདཝ་ད་ ཐེངས་གསུམ་འགྱོ་དོ་ཡོད་རུང་ ཚོགས་ཆུང་གིས་ ཕར་འཕུད་རྐྱབ་ནིའི་དོན་ལུ་ འབདཝ་རྩ་ལས་མེན་ཟེར་ཞུ་ཡི།

སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ པའི་ ཚོགས་ཐེངས་༡༠ པ་ཚུན་ རྩིས་འགྲིག་འབད་མ་ཚུགས་པའི་ དངུལ་ཀྲམ་ས་ཡ་༣.༣༦༠ ཡོད་མི་ལས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༣༡ ཚུན་ དངུལ་ཀྲམ་ས་ཡ་༠.༠༠༣ རྩིས་འགྲིག་འབད་ཚུགས་ཏེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༡ ལོ་ནང་ རྩིས་རྙོགས་ལྷག་ལུས་དངུལ་ཀྲམ་ས་ཡ་༢༡༢.༨༣༥ ཡོད་མི་ལས་ ད་ཚུན་ དངུལ་ཀྲམ་ས་ཡ་༡༦.༤༩༣ རྩིས་འགྲིག་འབད་ཚར་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ དངུལ་ཀྲམ་ས་ཡ་༢༠.༠༥༤ དང་ སྤྱི་ལོ་༢༠༡༣ ལུ་ དངུལ་ཀྲམ་ས་ཡ་༤༢.༩༥༩ དང་སྤྱི་ལོ་༢༠༡༤ ལུ་ དངུལ་ཀྲམ་ས་ཡ་༡༨༠.༤༧༦ ཡོད་མི་ཚུ་ལས་ ད་ཚུན་ རྩིས་འགྲིག་དུམ་གྲ་རེ་ འབད་ཚར་ཡོདཔ་ཨིན་པས།

ཨིན་རུང་ ཚོགས་ཁང་གིས་ གྲོས་བསྟུན་ཐོག་ལས་ ཁ་ཙ་ལས་འགོ་བཙུགས་ ལོ་༡ གི་ནང་འཁོད་ལུ་ རྩིས་འགྲིག་ལྷག་ལུས་ཚུ་ སེལ་ཐབས་ཚོགས་ཆུང་གིས་ འགྲིག་དགོ་པའི་ ཐག་བཅད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *