༉ སྐྱེས་ལོ་༧༣ ལང་མི་ ཀར་ན་བྷ་དུར་ མོང་གར་དེ་ རྐངམ་ཞརཝ་ཐལ་ཏེ་ ལོ་༨ ལང་དོ་ཡོདཔ་ལས་ མི་ཚེའི་གནས་ སྟངས་ ལཱ་ཁག་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཨིན་རུང་ ཁོ་ར་ གླངམོ་ཆེ་གིས་བསྣད་དེ་ བསད་ནི་ལས་ བྱོག་ཐལ་ནི་དེ་གིས་ སྐལ་བ་བཟང་ནུག་ཟེར་ མནོ་དོ་ཡོདཔ་ད་ ད་རེས་ ཁོ་ར་ སིབ་སི་ནི་ལུ་ཡོད་མི་ ཚ་བོ་གིས་ གཅེས་སྐྱོང་འབད་དོ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ སྤྱི་ལོ་༢༠༡༤ ལུ་ ལྷ་མོའི་རྫིང་ཁ་ཁུ་རུལ་ནགས་ཚལ་ནང་ ནོར་འཚོ་སྡོདཔ་ད་ བྱུང་ཡོད་མི་དེ་ཡང རི་དྭགས་གླངམོ་ཆེ་ཅིག་གིས་ ཁོ་ལུ་ གནོདཔ་བཀལ་བའི་སྐབས་ ཁོ་རའི་ཕོཝ་གུ་ རྨ་སྐྱོན་བྱུངམ་ལས་ ལྷ་མོའི་རྫིང་ཁ་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་སྨན་ཁང་ནང་ གཤག་བཅོས་འབད་བའི་ཤུལ་ལས་ ལམ་འགྱོ་མ་ཚུགས་ཟེར་ཨིན་པས།
ལྷ་མོའི་རྫིང་ཁ་ལུ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་བྱུང་མི་དེ་ འདས་པའི་ལོ་ཚུ་ནང་ ཡར་སེང་སོང་སྟེ་ཡོད་ཟེར་ ས་གནས་ནང་ སྡོད་མི་ཚུ་གིས་ སླབ་ཨིན་པས།
ནུབ་མོ་ཨ་རྟག་ར་ ལྷ་མོའི་རྫིང་ཁ་རྒེད་འོག་གི་ དམངས་མི་ལཱགསི་མཱན་ཆེ་ཏི་རི་ལུ་ ས་གནས་ཀྱི་ མི་ཚུ་གིས་ གླངམོ་ཆེ་བདའ་ནིའི་དོན་ལུ་ ཆ་རོགས་འབད་གནང་ཟེར་ བརྒྱུད་འཕྲིན་བཏང་དོ་ཡོདཔ་ཨིན་པས།
འཕྲལ་འཕྲལ་སྐབས་ ནུབ་གཅིག་ར་ གླངམོ་ཆེ་གིས་ ས་ཁོངས་སོ་སོ་ཚུ་ནང་ གནོདཔ་བཀལ་བའི་ སྙན་ཞུ་ཚུ་ ལྷོད་དོ་ ཡོདཔ་མ་ཚད་ རེ་ཚེ་སྐབས་ གླངམོ་ཆུ་ཁྱུ་སྦེ་ འོང་ནི་འདུག་ཟེར་ དམངས་མི་གིས་ བཤདཔ་ཨིན་པས།
དམངས་མི་གིས་ ནགས་ཚལ་སྲུང་རྒྱབ་དང་ ནགས་གླིང་འགོ་དཔོན་ དེ་ལས་ གཡུས་མི་ཚུ་ལས་ གྲོགས་རམ་ལེན་ཏེ་ གླངམོ་ཆེ་ཚུ་ བདའ་བཏང་དོ་ཡོདཔ་ད་ གླངམོ་ཆེ་ཚུ་གིས་ ཉི་དྲོད་གློག་ཐག་ར་བ་དང་ ར་བ་གཞན་ཚུ་ བསྒོར་ཡོད་རུང་ དཀའ་ངལ་ག་ནི་ཡང་མེད་པར་ འཛུལ་འགྱོ་ནི་འདུག་ཟེར་་ཨིན་པས།
རྒེད་འོག་དེ་ རྒྱ་གར་གྱི་ ས་མཚམས་ཉེ་འདབས་ལུ་ཡོདཔ་ལས་ སེམས་ཅན་ཚུ་ རྒྱ་གར་ལས་ བདའ་བཏངམ་ད་ འབྲུག་པའི་ ས་ཁོངས་ནང་འོང་སྟེ་ སྡོད་ནི་འདུག་ཟེར་ཨིན་པས།
རི་དྭགས་སེམས་ཅན་ཚུ་ནང་ལས་ཡང་ དམིགས་བསལ་དུ་ གླངམོ་ཆེ་ཚུ་གིས་ སྤྱི་ལོ་༢༠༡༤ ལས་འགོ་བཙུགས་ ས་གནས་ཀྱི་ མི་ཚུ་ལུ་ གནོད་པ་བཀལ་མི་དེ་ ཡར་སེང་སོང་ཡོདཔ་བཞིན་དུ་ ན་ཧིང་ མི་ཅིག་བསད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཀོའི་ལ་ཊར་ལས་ སྐྱེས་ལོ་༥༣ ལང་མི་ ཕོ་སྐྱེས་ཅིག་ཡང་ གླངམོ་ཆེ་གིས་ གནོད་པ་བཀལ་ཏེ་ ཁོ་རའི་ཁྱིམ་མེདཔ་བཏང་བའི་ཤུལ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་གི་རྐངམ་ལུ་ རྨ་སྐྱོན་ཤུགས་སྦེ་ར་ བྱུང་ནུག་ཟེར་ཨིནམ་ད་ ལྷ་མོའི་རྫིང་ཁའི་རྒཔོ་ སུ་རཇ་བྷ་དུར་ལིམ་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་དང་སེམས་ཅན་གྱི་ དཀའ་ངལ་དེ་ལུ་ ཐབས་ལམ་དང་ ཐབས་བྱུས་ཚུ་ མ་བཏོན་པ་ཅིན་ མ་འོངས་པ་ལུ་ མི་རློབས་ཡར་སེང་འགྱོཝ་ད་ རི་དྭགས་ཚུ་འཁྱམས་སའི་ ས་གོ་ཚུ་ནང་ ཧམ་འཛུལ་འབད་མི་ མང་སུ་འཐོན་པའི་བསྒང་ལས་ དཀའ་ངལ་ཡང་ ཚབས་ཆེན་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
གླངམོ་ཆེ་ཚུ་གིས་ གློག་ཐག་ར་བ་ཚུ་ མཆེཝ་ལག་ལེན་འཐབ་སྟེ་ མེདཔ་གཏང་ནི་འདུག་ཟེར་ ལྷ་མོའི་རྫིང་ཁའི་རྒཔོ་ གིས་ བཤད་པའི་ཁར་ ཟླཝ་དག་པ་ཅིག་གི་ ཧེ་མར་ཡང་ པག་ལི་ལུ་ ཁྱིམ་གུང་པ་བདུན་གྱི་ དངུལ་ཐོག་ཨ་ལཱན་ཅི་ཨེ་ཀར་༧ དེ་ཅིག་ མེདཔ་བཏང་ཡི་ཟེར་ སླབ་ཨིན་པས།
དེ་བཟུམ་མའི་ བྱུང་རྐྱེན་ལུ་ རྒུད་འཐུས་མེདཔ་ལས་ སོ་ནམ་པ་ཚུ་ལུ་ རྒུད་ཕོག་ཡོདཔ་ད་ མི་སྟོབས་ཀྱི་ དཀའ་ངལ་ ཡོདཔ་ལས་ རི་དྭགས་སེམས་ཅན་དང་ མིའི་བར་ན་ བྲེལ་ཟིང་བྱུང་མི་དེ་ ལྟ་རྟོག་འབད་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་ པས།
ལྷ་མོའི་རྫིང་ཁ་དྲུང་པ་ ཀུན་ལེགས་རྡོ་རྗེ་གིས་ཡང་ ས་ཁོངས་དེ་ནང་ བྲེལ་ཟིང་དེ་ འཕྲལ་འཕྲལ་སྦེ་ར་ བྱུངམ་མས་ཟེར་ཨིནམ་ ད་ ས་གནས་ཀྱི་ མི་ཚུ་གིས་ ཐབས་ལམ་ཚུ་བཏོན་རུང་ སེམས་ཅན་དེ་ བཀག་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།
གནམ་བྱཱར་གྱི་སྐབས་ལུ་ གནས་སྟངས་དེ་ ལྷག་པར་དུ་ གདོང་ལེན་ཅན་ཅིག་ལུ་ འགྱུར་དོ་ཡོདཔ་ད་ སེམས་ཅན་སྔོན་འགོག་འབད་ནིའི་ ཐབས་ལམ་༡ ལམ་བདའ་གློག་མེ་བཙུགས་པ་ཅིན དྲག་ནི་བཟུམ་སྦེ་ མཐོངམ་མས་ཟེར་ དྲུང་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།