ལྷ་མོའི་རྫིང་ཁ་ལུ་ འགྲུལ་སྐྱོད་བཀག་དམ་ ཐོག་ལུ་ར་ཡོདཔ།

༉ དར་དཀར་ནང་རྫོང་ཁག་ནང་ སྤྱི་ཟླ་༡ པའི་ཚེས་༦ ལས་ འགྲུལ་སྐྱོད་ལྷོད་ཡངས་བཏང་ཡོད་རུང་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ ཚོས་གཞི་སེརཔོ་ནང་ཨིནམ་ལས་ ད་ལྟོ་ འགྲོ་འགྲུལ་བཀག་དམ་འོང་ལུ་ར་ ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༡ དང་༣༡ གི་བར་ན་ ལྷ་མོའི་རྫིང་ཁ་དྲུང་ཁག་དེ་ནང་ལས་ མི་༥ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་སྟེ་ཡོདཔ་ བདའ་ཟུན་མི་ལུ་བརྟེན་ཨིན་པས།

དྲུང་ཁག་དེ་ནང་ ས་ཁོངས་ཀྱི་ ཤོག་བྱང་འཆང་མི་ཚུ་རྐྱངམ་གཅིག་ འགྲོ་འགྲུལ་འབད་ཆོག་ནི་དང་ ས་གནས་ཀྱི་ མི་ཚུ་གིས་ ཞིང་ལཱ་འབད་ཆོགཔ་ཨིན་རུང་ བཟའ་ཚང་གི་འཐུས་མི་༥ ལས་བརྒལ་ མི་ཆོག་ནི་ཨིན་པས།

དྲུང་པ་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་དེ་ ཚོས་གཞི་སེརཔོ་སྦེ་ ངོས་འཛིན་འབད་མི་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་གྱི་ སྒྲིག་གཞི་ལུ་ གནས་ཏེ་ཡོད་ཟེར་ཨིན་པས།

སྲུང་སྐྱོབ་ཡིག་ཚང་གི་ གནང་བ་དང་འཁྲིལ་ གློ་བུར་གྱི་ སྣུམ་འཁོར་ཚུ་ དྲུང་ཁག་ནང་འཁོད་ལུ་ འགྲོ་འགྲུལ་འབད་ཆོགཔ་བཞིན་དུ་ དྲུང་ཁག་ལས་ ཕྱི་ཁར་འཐོན་འགྱོ་འདོད་ཡོད་པ་ཅིན་ ཞག་༧ ཟུར་བཞག་ནང་ སྡོད་དགོ་པའི་ཁར་ ཨར་ཊི་-པི་སི་ཨར་བརྟག་དཔྱད་དེ་ ངེས་པར་དུ་འབད་དགོཔ་ཨིན་པས།

དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༤ ཚུན་ ཚོང་ཁང་ཚུ་ སྒོ་ཕྱེ་ཆོགཔ་བཞིན་དུ་ བྱུང་རྐྱེན་འགོ་དཔོན་གྱི་ གནང་བ་དང་བསྟུན་ ཕུངམ་མེ་སྦྱང་གི་དོན་ལུ་ མི་ཉུང་སུ་ཅིག་ འབྲེལ་འཛིན་འབད་ཆོག་ནི་ཨིན་རུང་ བཟོ་སྐྲུན་གྱི་ལཱ་དང་ རྩེད་རིགས་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་ཨིན་པས།

གཙུག་སྡེ་དང་ སློབ་གྲྭ་ ལུང་ཕྱོགས་ཡིག་ཚང་ ཚོང་ཁང་ ཟ་ཁང་ ཆང་ཁང་ཚུ་ཡང་ སྒོ་བསྡམས་ཏེ་ར་ བཞག་ཡོདཔ་ཨིན་པས།

དྲུང་ཁག་ནང་ མི་སྡེ་ནང་ ད་ལྟོ་ཚུན་ མི་༡,༢༠༠ དེ་ཅིག་ བརྟག་དཔྱད་འབད་ཡོདཔ་ད་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༣༤ ངོས་འཛིན་འབད་དེ་ ཟུར་བཞག་ནད་བརྟག་ཁང་ཚུ་ནང་ བཞག་ཡོདཔ་མ་ཚད་ མི་༢༩ རང་སོའི་ཁྱིམ་ནང་ ཟུར་སྡོད་བཅུག་ཡོདཔ་ཨིན་པས།

རྫོང་ཁག་གི་ རྒེད་འོག་༡༡ ནང་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་ཆོག་པའི་ཁར་ གློ་བུར་དང་ གཞུང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་མི་ སྣུམ་འཁོར་ཚུ་ ཨ་རྟག་ག་ཨིནམ་སྦེ་ འགྲུལ་སྐྱོད་འབད་ཆོགཔ་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་ནང་ ཐོགས་ལུས་མི་དང་ རྫོང་ཁག་ལས་ རྫོང་ཁག་གཞན་ཚུ་ནང་ འགྱོ་མི་ཚུ་གི་དོན་ལུ་ ནད་གཞི་ཡོད་མེད་ཀྱི་ ཨེན་ཊི་ཇེན་བརྟག་དཔྱད་དེ་ཡང་ དེ་འཕྲོ་ལས་ འབད་ནི་ཨིན་པས།

སྣ་ཚོགས་ཚོང་ཁང་དང་ གློག་རིག་ཅ་ཆས་ ཁ་ཟས་བཟོ་ཁང་ གློག་འཕྲུལ་ གྱོན་ཆས་ཚོང་ཁང་ཚུ་ དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༧ ཚུན་ སྒོ་ཕྱེ་ཆོག་ནི་དང་ ཟ་ཁང་ཚུ་གིས་ཡང་ ཞབས་ཏོག་ཚུ་ སྤྲོད་ཆོག་རུང་ ཚོད་བསྲེ་ཁྲོམ་དེ་ སྒོ་བསྡམས་ཏེ་ར་ཡོདཔ་ཨིན་པས།

ཚེ་འདས་ཀྱི་ མེ་སྦྱང་མ་གཏོགས་ ཚེས་བཅུ་དང་ རིམ་གྲོ་ ལོ་ཆོག་ དེ་ལས་ དགའ་སྟོན་ཚུ་ བརྩི་སྲུང་འབད་མི་ཆོག་པས།

རྫོང་ཁག་ནང་འཁོད་ལས་ ལས་མི་དང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ཨིན་པ་ཅིན་ བཟོ་སྐྲུན་གྱི་ ལཱ་འབད་ཆོགཔ་བཞིན་དུ་ སློབ་གྲྭ་དང་ ཡིག་ཚང་ཚུ་ སྒོ་བསྡམས་ཏེ་ར་ བཞག་ནི་ཨིན་རུང་ དངུལ་འབྲེལ་ལས་ཁང་ཚུ་ ལས་བྱེདཔ་ཉུང་སུའི་ཐོག་ལས་ ལཱ་འབད་ཆོག་ཟེར་ཨིན་པས།

རྩི་རང་རྫོང་ཁག།

རྩི་རང་ལུ་ ནང་སྡོད་སློབ་གྲྭ་ཚུ་ ཁོང་རའི་ས་ཁོངས་ནང་ར་ བྱ་སྒོ་འཐབ་ནི་ཨིན་རུང་ ཕྱི་སྡོད་སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དགོཔ་ཨིན་པས།

དེ་ལས་ ལཱ་འབད་སའི་ ས་ཁོངས་ལས་བརྒལ་ཏེ་ འགྱོ་མ་དགོ་པའི་ བཟོ་སྐྲུན་ཚུ་ཨིན་པ་ཅིན་ ལཱ་འབད་ཆོགཔ་མ་ཚད་ བཟོ་སྐྲུན་རྒྱུ་ཆས་ཚུ་ འགྲུལ་སྐྱོད་ཤོག་བྱང་ཐོག་ལུ་ སྐྱེལ་འདྲེན་འབད་ཆོགཔ་ཨིན་པས།

ཟ་ཁང་མ་གཏོགས་ ཇ་ཁང་དང་ ཆང་ཁང་ ཀ་རའུ་ཀེ་ སྐྱ་བཏོག་ཁང་ བཟོ་བཟོ་ཁང་ ཨིསི་ནུ་ཀར་ ཚོང་འབྲེལ་ཁང་གི་རིགས་ སྒོ་ཕྱེ་ཆོགཔ་ཨིན་རུང་ ཤ་ཁང་ནང་ སྣུམ་འཁོར་བཅོ་ཁང་ཚུ་ ལག་ལེན་འཐབ་མི་ཆོག་པས།

སྒྲིག་གཞི་གཞན་ཚུ་ རྫོང་ཁག་གཞན་ཚུ་དང་ མ་འདྲཝ་ག་ནི་ཡང་མེད་རུང་ ལྟ་རྟོག་སྡེ་ཚན་གྱིས་ རྫོང་ཁག་ནང་ན་འོང་མི་ འགྲུལ་པ་ཚུ་ ལྟ་ཞིབ་དམ་དམ་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *