ལྷ་མོའི་རྫིང་ཁ་ལུ་ མི་གྲངས་༡༠༠ དེ་ཅིག་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༢༡ གི་ཕྱི་རུ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་ལུ་ སྐྱེས་ལོ་༤༩ ལང་མི་ ཨམ་སྲུ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལས་ མོ་དང་ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ག་ར་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

མོ་དང་གཅིག་ཁར་ འབྲེལ་བ་འཐབ་མི་༢༢ ལས་༤ ནང་མི་བཟའ་ཚང་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ལུ་ ཁ་ཙ་ ཨར་ཊི་པི་སི་ཨར་བརྟག་དཔྱད་འབད་བའི་སྐབས་ མེདཔ་སྦེ་ཐོན་ཡོད་རུང་ ཚིལ་མའི་དཔེ་ཚད་༥ ངེས་བརྟན་བརྟག་དཔྱད་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་ བཏང་ཡོདཔ་ཨིནམ་ད་ ལྷག་ལུས་ཚུ་ ད་རིས་ གཏང་ནི་ཨིན་པས།

ཐད་ཀར་དུ་ འབྲེལ་བ་འཐབ་མི་༡༢ ཟུར་བཞག་མཐུན་རྐྱེན་ནང་ བཞག་ཡོདཔ་ད་༡༠ ཁྱིམ་ནང་ལུ་ སྒྲིག་དམ་ཐོག་ལས་ ཟུར་བཞག་ཐོག་ ལྟ་རྟོག་ཚུ་འབད་དེ་ཡོདཔ་ད་ ནད་འབུབ་ཐོབ་མི་དེ་གིས་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ དྲུང་ཁག་གི་ ཚ་རིམས་བརྟག་དཔྱད་ཁང་ནང་ སོང་ཡོདཔ་ཨིན་པས།

མོ་ར་ ཁ་ཙ་ ཕུན་ཚོགས་གླིང་ལུ་ཡོད་མི་ ཟུར་བཞག་ཁང་ནང་ སྤོ་ཡོདཔ་བཞིན་དུ་ མོ་ར་ ས་གནས་ནང་གི་ ཚོང་པ་ཨིནམ་ད་ དྲུང་པ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ནདཔ་དང་ མོ་རའི་ནང་མི་བཟའ་ཚང་ཚུ་གིས་ འདས་པའི་བདུན་ཕྲག་ནང་ དྲུང་ཁག་ནང་ལས་ ཕྱི་ཁར་འགྱོ་བའི་ ལོ་རྒྱུས་མིན་འདུག་ཟེར་ཨིན་པས།

ཁ་ཙ་ཚུན་འབདཝ་ད་ དྲུང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ དྲུང་ཁག་ནང་ འགྲོ་འགྲུལ་འབད་ནི་དང་ ཚོང་ལཱ་ཚུ་འབད་ནི་ལུ་ བཀག་ཆ་འབད་དེ་མེད་རུང་ དྲུང་པ་གིས་ སླབ་མིའི་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ ཚོང་ཁང་མང་ཤོས་ར་ སྒོ་བསྡམས་ཏེ་འདུག་ཟེར་ཨིན་པས།

ཉིན་ལྟོ་ཐོབ་མི་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་འགྱོ་མ་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ དངུལ་འབྲེལ་གཙུག་སྡེའི་ ལས་བྱེདཔ་ཚུ་ཡང་ གློ་བུར་གྱི་ དགོས་མཁོ་འཐོནམ་ད་རྐྱངམ་གཅིག་ འགྱོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ལྷ་མོའི་རྫིང་ཁ་རྒཔོ་ སུར་ཇ་ བྷ་དུར་ ལིམ་བཱོ་གིས་ བཤད་མིའི་ནང་ ས་གནས་ནང་སྡོད་མི་ཚུ་ལུ་ ཁག་ཆེ་བའི་གནད་དོན་ཡོད་ན་མ་གཏོགས་ ཕྱི་ཁར་འགྱོ་ནི་ལས་ འཛེམ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ བློ་བཟང་འཇིགས་མེད་ཀྱིས་ བཤད་མིའི་ནང་ གནས་ཚུལ་དེ་ གོ་བའི་ཤུལ་ལས་ ཁོ་རའི་ ས་པག་ཅུང་བཟོ་སྐྲུན་འཕྲུལ་ཁང་དེ་ཡང་ སྒོ་བསྡམས་བཞག་ཡི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ནོར་འཚོ་མི་མ་གཏོགས་ མི་ཚུ་ཕྱི་ཁར་དེ་ཅིག་ མི་འཐོན་པས་ཟེ་ཨིནམ་ད་ ཁ་ཙ་ཚུན་ དྲུང་ཁག་ནང་ མི་གྲངས་༣༦༥ ལུ་ ནད་བརྟག་འབད་ཡོདཔ་ཨིན་པས།

ན་ནི་ཊར་དང་ ལྷ་མོའི་རྫིང་ཁ་གཞུང་ལམ་གྱི་ས་གནས་ བསོད་ནམས་བྱག་ལུ་ ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་འབད་དོ་ཡོདཔ་ལས་ དྲུང་ཁག་དེ་ རྫོང་ཁག་གཞན་ཚུ་དང་ འབྲེལ་བ་མེདཔ་སྦེ་ལུས་ཡོདཔ་ལས་ བཟའ་འཐུང་ཚུ་ འབག་འོང་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།

དྲུང་པ་གིས་འབད་བ་ཅིན་ ཁག་ཆེ་བའི་བཟའ་འཐུང་ཚུ་ རྒྱ་གར་གྱི་མངའ་སྡེ་བརྒྱུད་དེ་ ཕུན་ཚོགས་གླིང་ལས་ བདུན་ཕྲག་རེ་ནང་ ཚར་རེ་ འབག་འོང་དོ་ཟེར་ཨིན་པས།

བཟའ་འཐུང་ཚུ་ ལམ་ཁར་མི་ཊར་༨༠༠ དེ་ཅིག་གི་ས་ཁར་ མི་གིས་འབག་བསྐྱལ་དགོཔ་ལས་ དེ་གིས་ གོང་ཚད་ཡར་སེང་འགྱོཝ་མས་ཟེར་ རྒཔོ་གིས་བཤད་ཅི།

དེ་མ་ཚད་ ས་ཁོངས་དེ་ནང་ ཅ་ཆས་ཚུ་སྐྱེལ་འདྲེན་འབད་མི་ མ་འཐོབ་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ བློ་བཟང་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཆུམ་ཀེ་ཇི་༢༥ ལུ་ དངུལ་ཀྲམ་༧༦༠ གནས་མི་དེ་ ཧེ་མ་དང་ཕྱདཔ་ད་༡༠༠ གིས་ ཐེབམ་སྤྲོད་དགོ་པས་ཟེར་ཨིན་པས།

བསོད་ནམས་བྱག་དེ་ ཕུན་ཚོགས་གླིང་ ཇོ་མོ་བྱག་བརྒྱུད་དེ་འགྱོཝ་ད་ ཀི་ལོ་མི་ཊར་༦༩ གི་ས་ཁར་ཨིནམ་ད་ དེ་ཁ་ལས་ ལྷ་མོའི་རྫིང་ཁ་ལྷོད་ནི་ལུ་ ཀི་ལོ་མི་ཊར་༣༦ ཡོདཔ་ཨིནམ་ད་ གཞུང་ལམ་གྱི་ལཱ་དེ་ སང་ཕོད་སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *