ལྷ་གསོལ་གྱི་ རྩོད་བཤེར་ཐོག་ བཤེར་མེད་འདུམ་དཔྱད་ཀྱི་ འཁྲུན་ཆོད་ གནང་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ སྐམ་དར་སྤྱི་འོག་གི་ གུང་པ་༢༤ དང་ རྩོད་ཟླ་ཤེས་རབ་སྒྲོལ་མ་ལུ་ བཤེར་མེད་འདུམ་དཔྱད་ཀྱི་ འཁྲུན་ཆོད་གནང་ཡོདཔ་ལས་ ད་ལས་ཕར་ ཨ་རྟག་བཟུམ་སྦེ་ མི་སེར་ཚུ་གིས་ ཁོང་རའི་ཡུལ་ལྷ་ གསོལ་ཚུགས་ནི་ཨིན་པས།
དེ་ཡང་ ཧེ་མ་འབད་བ་ཅིན་ སྐམ་དར་སྤྱི་འོག་ནང་ ལོ་བསྟར་བཞིན་དུ་ ཡུལ་ལྷ་གསོལ་ནི་ཡོད་མི་དེ་ བྲོ་དཔོན་དཀར་མདོག་ལ་གིས་ འགན་ཁུར་འབག་དོ་ཡོདཔ་ཨིན་རུང་ ད་རེས་ ལོ་ན་རྒས་ནི་དེ་གིས་ ལྕོགས་གྲུབ་མེདཔ་ཐལ་ཏེ་ བཅའ་མར་གཏོགས་མ་ཚུགསཔ་ལས་ འདས་པའི་ལོ་༤ ཚུན་ བཤོལ་བཞག་དགོཔ་ཐོན་ནུག།
དེ་འབདཝ་ལས་ དུས་ཅི་ གུང་པ་༢༤ གིས་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་ཕུལ་བའི་ཤུལ་ལས་ རྩོད་བཤེར་ལན་ཐེངས་༢ འབད་ཡོདཔ་བཞིན་དུ་ རྩ་ཕན་༢ ཀྱི་བར་ན་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ནང་ཁ་ནང་འགྲིགས་རྐྱབ་སྟེ་ གྲོས་འཆམ་བྱུང་ནུག།
སྐམ་དར་སྤྱི་འོག་གིས་ དང་ཕུ་ལས་ར་ རང་ཟླ་༧ པའི་ཚེས་༡༤ ལུ་ ས་གནས་སྦལཔ་ཟོར་ ཙན་དན་ཤིང་གི་རྩ་བར་དང་ ཚེས་༡༥ ལུ་ སྟག་མོ་ཆུ་སྤྱི་འོག་དང་ ཕ་གི་གདུང་སྤྱི་འོག་ དེ་ལས་ སྐམ་དར་སྤྱི་འོག་༣ གྱིས་ སྟག་སྐད་ལ་ ལྷ་ཁང་ནང་སྦེ་ ལྷ་མོ་དང་ མགོན་པོ་༢ ཀྱི་ སྐུ་འཆམ་མཇལ་ཁ་གནངམ་ད་ བྲོའི་གདངས་དབྱངས་ འཐེན་སྲོལ་ཡོད་ཟེར་ཨིན་པས།
ཨིན་རུང་ བྲོ་དཔོན་ལུ་ ལྕོགས་གྲུབ་མེད་པའི་ ཉོགས་བཤད་བཀོད་པའི་ཤུལ་ལས་ ལྷ་གསོལ་གྱི་དུས་ཚོད་ཁར་ འོང་ནི་མེད་པའི་ཁར་ བྲོ་དཔོན་གྱི་ བུམོ་གིས་ཡང་ བྲོ་དཔོན་གྱི་ཚབ་སྦེ་ མི་ངོམ་བཏོན་མ་བཏུབ་མི་ལུ་བརྟེན་ ཁྲིམས་འདུན་ལུ་ བཤེར་ཡིག་ཕུལ་ནུག།
ཁྲིམས་འདུན་ལུ་ རྩ་ཕན་ཚུ་གི་བར་ན་ བཤེར་ལན་ཚར་༢ འབད་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ རྩ་ཕན་༢ ཀྱི་བར་ན་ བདེ་འགྲིགས་འབད་དེ་ ནང་འགན་བཟོ་མི་ལྟར་དུ་ ཁྲིམས་འདུན་གྱིས་ ངོས་ལེན་མཛད་ནུག།
ཤེས་རབ་སྒྲོལ་མ་གིས་ ཨཔ་དཀར་མདོག་ལ་དེ་ ལོ་ན་རྒས་པའི་དབང་གིས་ བྲོ་དཔོན་འཐོན་ནི་ལུ་ ལྕོགས་གྲུབ་མེདཔ་ལས་ དེ་གི་རྒུད་འཐུས་བཟུམ་ཅིག་སྦེ་ དངུལ་ཀྲམ་༡༠༠,༠༠༠ དམངས་ཁར་སྤྲོད་ཡོདཔ་ལས་ ད་ལས་ཕར་ ཤེས་རབ་སྒྲོལ་མ་གིས་ ལྷ་གསོལ་བའི་སྐབས་ བཅའ་མར་གཏོགས་མི་དགོ་ནི་ཨིནམ་ད་ བྲོ་དཔོན་གྱི་ཚབ་ཡང་ གུང་པ་༢༤ གིས་ འགོ་འདྲེན་འཐབ་སྟེ་ བཏོན་དགོཔ་སྦེ་ཨིན་པས།
ཁྲིམས་འདུན་གྱིས་ བཀོད་མིའི་ནང་ རྩོད་བཤེར་སྐབས་ བདེ་འགྲིག་འབད་ཆོགཔ་སྦེ་ཡོདཔ་མ་ཚད་ རྩ་ཕན་གྱིས་ ཕུལ་བའི་འགན་རྒྱ་ཡང་ ཁྲིམས་མཐུན་ཨིནམ་ལས་ འགན་རྒྱ་བསྟར་སྤྱོད་འབད་ནི་མ་གཏོགས་ ལོགས་སུ་སྦེ་ དབྱེ་བ་དཔྱད་དགོཔ་མིན་འདུག་ཟེར་ཨིན་པས།
ཁྲིམས་འདུན་ལས་ བཀའ་རྒྱ་གནང་མིའི་ནང་ རྩ་ཕན་ཚུ་གི་ གན་རྒྱ་གུ་གཞི་བཞག་སྟེ་ བཤེར་མེད་འདུམ་དཔྱད་འཁྲུན་ཆོད་གནང་ཡོདཔ་ལས་ ད་ལས་ཕར་ བཀའ་རྒྱ་དང་འཁྲིལ་ རྩ་ཕན་ཚུ་གི་ཧོངས་ལས་ ཕྱག་ཞུ་མ་ཚུགས་པ་ཅིན་ ཁྱད་གསོད་ཀྱི་ ཉེས་ཁྲིམས་བཀལ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *