སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་རབ་གནས་གནང་པའི་བསྒང་།

ལྷ་ཁང་དཀར་པོ་ ལོག་གསར་བཞེངས་བསྒྲུབས་པའི་ རབ་གནས་ཕུལ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཧཱ་ལུང་གཤོང་གི་ མི་སེར་ཚུ་ སྤུངས་འཛོམས་ཐོག་ལས་ ལུང་གཤོང་དེ་ནང་གི་ བཀའ་སྲུང་དང་ གནས་བདག་གཙོ་ཅན་ཅིག་ཨིན་མི་ ཨཔ་ཁྱུང་བདུད་ཀྱི་ གནས་ཁང་ཨིན་མི་ ལྷ་ཁང་དཀར་པོ་བསྐྱར་བཞེངས་ཡོངས་རྫོགས་བསྒྲུབས་པའི་ བཀྲིས་རབ་གནས་ཀྱི་ རྟེན་འབྲེལ་བརྩི་སྲུང་འབད་ཡི།
དེ་ཡང་ ཧཱ་རྫོང་ཁག་གི་ མི་སེར་ཚུ་ ལོ་ངོ་༨ ལྷགཔ་ཅིག་གི་རིང་ བསྒུགས་སྡོད་པའི་མཐའ་མར་ མི་ལོ་༡༢༠ ལང་མི་ ལྷ་ཁང་དཀར་པོ་དེ་ ཕྱི་ནང་གཉིས་ཆ་ར་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་མི་ལུ་བརྟེན་ ཨ་རྟག་དང་མ་འདྲ་བའི་ དགའ་སྤྲོ་ཚད་མེད་བྱུང་པའི་ མཐོང་སྣང་བྱུང་ཡི།
སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ལྷ་ཁང་དཀར་པོ་གསར་བསྒྲུབས་ཀྱི་དོན་ལུ་ རང་ཟླ་༥ པའི་ཚེས་༢ ལུ་ མགོན་པོ་ལྕམ་དྲལ་གསུམ་ལུ་ གསོལ་ཁ་གནང་ཡོདཔ་མ་ཚད་ ཚེས་༣ གྱི་དྲོ་པར་ དྲག་དམར་གྱི་ གསུང་ཆོག་རྒྱས་པར་དང་ བླ་མ་རིག་འཛིན་ཆེན་པོའི་སྒོ་ལས་ རབ་གནས་གནང་སར་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ གཞུང་གི་ཆེ་མཐོའི་འགོ་དཔོན་ བསྟན་སྲུང་དང་ ཨིམ་ཊཱཊ་དམག་སྡེའི་འགོ་དཔོན་ དེ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ ས་གནས་ཀྱི་ མི་ཚུ་གིས་ བཅའ་མར་གཏོགས་ཅི།
སྤྱི་ལོ་༢༠༠༩ ཟླ་༡༡ པའི་ཚེས་༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་ཁང་དཀར་པོའི་ནང་ ཆིབས་སྐྱོད་གནངམ་ད་ ལྷ་ཁང་དེ་ རྩ་བ་ལས་ བསྐྱར་བཞེངས་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༠ ལས་ ལྷ་ཁང་དེ་ནང་ཡོད་མི་ གྲྭ་ཚང་གི་ དགེ་སློང་ཚུ་བཞུགས་སའི་ གྲྭ་ཤག་རྙིངམ་༢ བརྡལ་བཤིག་བཏང་ཐོག་ལས་ བསྐྱར་བཞེངས་འབད་ནི་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ནང་ བསྒྲུབས་ཡོདཔ་ཨིན་པས།
ནང་རྟེན་གཙོ་བོ་ ཚེ་དཔག་མེད་ཀྱི་སྐུ་དང་ གནས་བདག་ཨཔ་ཁྱུང་བདུད་བཞུགས་ཡོད་མི་ ལྷ་ཁང་དེ་ ཕྱི་ནང་གི་ བཟོ་བཀོད་ཚུ་ལུ་མ་དཀྲོགས་པར་ སྔར་ག་ཨིནམ་སྦེ་ བཞག་ཡོད་རུང་ ལྷ་ཁང་གི་ ཕྱི་སྐོར་ལུ་ གྱང་རྩིག་དང་ རྡོ་གཅལ་ དེ་ལས་ ལྕགས་གདང་གི་ར་སྐྱོར་དང་ ཨེ་ཁུག་ཚུ་ བཟོ་སྐྲུན་འབད་ནུག།
དེ་འབདཝ་ད་ བཟོ་སྐྲུན་གྱི་ ལཱ་སྦོམ་ཤོས་དེ་ར་ ལྷ་ཁང་གི་ གཡས་གཡོན་དང་ རྒྱབ་ཁར་ གྲྭ་ཤག་རྐྱབ་མི་ཚུ་ཨིན་པས།
ཧྭ་གི་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ལྷ་ཁང་བསྐྱར་བཞེངས་ལས་འགུལ་གྱི་དོན་ལས་ སྤྱི་ལོ་༢༠༡༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥༠ གནས་ནི་ཨིན་པའི་ སྔོན་རྩིས་བཏོན་ཡོད་རུང་ ལོ་༨ ཀྱི་རྒྱབ་ལས་ ལྷ་ཁང་ཡོངས་རྫོགསཔ་སྦེ་བསྒྲུབས་ད་ དངུལ་ཀྲམ་ས་ཡ་༡༤༩ རྐྱངམ་གཅིག་ ཟད་འགྲོ་གནས་ནུག་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ ལྷ་ཁང་གསར་བཞེངས་སྐབས་ ངན་ལྷད་དང་ དབང་ཚད་ལོག་སྤྱོད་ལ་སོགས་པའི་ རྩོད་རྙོགས་ཐོན་མི་ལུ་བརྟེན་ ལོ་༤ ལྷགཔ་ཅིག་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ཡུན་འགྱངས་ལུས་མི་ལུ་བརྟེན་ སྔོན་རྩིས་ཟད་འགྲོ་བཏོན་མི་དེ་ ཡར་སེང་འགྱོ་དགོཔ་མ་ཚད་ འཆར་གཞི་ནང་མ་ཚུད་པའི་ བཟོ་སྐྲུན་ལེ་ཤ་འབད་རུང་ དངུལ་ཀྲམ་ས་ཡ་༡༤༩ ལས་བརྒལ་ ཟད་འགྲོ་མ་གནས་མི་དེ་ ཧ་ལས་དགོཔ་ཅིག་འདུག་ཟེར་ཨིན་པས།
ཧེ་མ་སྔོན་རྩིས་གོང་ཚད་དང་ འཆར་གཞི་ནང་ མ་ཚུད་པའི་ བཟོ་སྐྲུན་ལཱ་ཚུ་ཡང་ མི་མང་གི་གསང་སྤྱོད་ཁང་ཚན་༡༢ འབད་མི་ཅིག་དང་ དགེ་སློང་ཚུ་ གསོལ་ཚོགས་བཞེས་ཁང་ཅིག་ གྱང་རྩིག་དང་ མི་མང་ལྟདམོ་བལྟ་སའི་ས་ཁོངས་ ལྕགས་ཀྱི་ར་སྐྱོར་ཚུ་ རྐྱབ་ཡོདཔ་ཨིན་པས།
ད་རུང་ འཆར་གཞི་ནང་མ་ཚུད་མི་ཚུ་གི་གྲས་ལས་ མེ་རྐྱེན་རེ་བྱུངམ་ད་ ལག་ལེན་འཐབ་ནིའི་དོན་ལས་ ཤོང་ཚད་ལི་ཊར་༢༥༠,༠༠༠ འབད་མི་ ཆུ་མཛོད་ཅིག་ རྐྱབ་ཡོདཔ་མ་ཚད་ དགེ་སློང་ཚུ་ ལུས་སྦྱོང་འབད་ནིའི་ མཐུན་རྐྱེན་ཆ་ཚང་ བཙུགས་ཏེ་ཡོད་མི་ཚུ་ཨིན་ཟེར་ རྫོང་བདག་ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༡༩༨༣ ལུ་ དགེ་སློང་ཞལ་གྲངས་༢༥ དང་བཅསཔ་སྦེ་ གཞི་བཙུགས་འབད་མི་ རབ་སྡེ་གྲྭ་ཚང་དེ་ནང་ ད་རེས་ནངས་པར་ དགེ་སློང་ཞལ་གྲངས་༩༨ དེ་ཅིག་ཡོད་ཟེར་ བླམ་གནས་བརྟན་ འཇམ་དཔལ་རྡོ་རྗེ་གིས་ བཤདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ད་ལྟོའི་རྫོང་བདག་དེ་ ཧཱ་རྫོང་ཁག་ནང་ ལྷོད་པའི་ཤུལ་ལས་ འགན་ཁུར་ཧྲུལ་བུ་འབག་ཞིནམ་ལས་ཚུར་ བསྐྱར་བཞེངས་ཀྱི་ གྲུབ་འབྲས་མགྱོགས་དྲགས་སྦེ་ ཐོན་ཡོདཔ་བཞིན་དུ་ ད་རེས་ ལྷ་ཁང་དེ་ དཔའ་ཉམས་ཅན་སྦེ་ མཇལ་ཚུགས་མི་དེ་ རྫོང་བདག་གི་ བརྩོན་ཤུགས་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ ཧཱ་གི་མི་སེར་ཚུ་ལུ་ སེམས་དགའ་དགོ་པའི་ གནད་དོན་སྦོམ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༡༧ ལུ་ མི་དབང་མངའ་བདག་ཡབ་མེས་སྲས་གསུམ་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཧཱ་རྫོང་ཁག་གི་ མི་སེར་ཚུ་དང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༠ པ་དེ་ ལྷ་ཁང་དཀར་པོའི་ ས་ཁོངས་ནང་ བརྩི་སྲུང་གནང་ཡོདཔ་མ་ཚད་ ད་རེས་འབདཝ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ ལྷ་ཁང་རྙིང་ཤོས་ཅིག་ཨིན་མི་ བསྐྱར་བཞེངས་ལུ་ རབ་གནས་གནང་ནི་དེ་གིས་ བསྐལ་བ་བཟང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ལྷ་ཁང་དཀར་པོའི་ལོ་རྒྱུས།
དུས་རབས་༧ པའི་ནང་ བོད་ཀྱི་ཆོས་རྒྱལ་ སྲོང་བཙན་སྒམ་པོ་གིས་ ནུབ་གཅིག་ནང་ ལྷ་ཁང་༡༠༨ བཞེངས་ཡོད་མིའི་གྲས་ལས་ འབྲུག་རྒྱལ་ཁབ་ནང་ སྤ་རོ་སྐྱིད་ཆུ་ལྷ་ཁང་དང་ བུམ་ཐང་བྱམས་པ་ལྷ་ཁང་གཉིས་ བཞེངས་པའི་སྐབས་ དུས་མཉམ་སྦེ་ ཧཱ་ལུང་གཤོང་གི་ ལྷ་ཁང་དཀརཔོ་དང་ གནག་པོ་གཉིས་ཡང་བཞེངས་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག།
ལོ་རྒྱུས་ཅིག་དང་འཁྲིལ་བ་ཅིན་ ཆོས་རྒྱལ་སྲོང་བཙན་སྒམ་པོའི་ རྫུ་འཕྲུལ་གྱིས་ བོད་ལས་མར་ བྱ་ཕུག་རོན་དཀར་གནག་གཉིས་ལུ་སྤྲུལ་ཏེ་ ལྷ་ཁང་བཞེངས་ནིའི་ ལུང་བསྟན་གནང་ཡོདཔ་བཞིན་དུ་ ལུང་བསྟན་དང་འཁྲིལ་ བྱ་དཀརཔོ་དེ་ཆགས་སར་ ལྷ་ཁང་དཀརཔོ་དང་ བྱ་གནགཔོ་དེ་ཆགས་སར་ ལྷ་ཁང་གནག་པོ་བཞེངས་ཡོདཔ་ད་ ངག་རྒྱུན་དང་འཁྲིལ་བ་ཅིན་ ལྷ་ཁང་གི་རྒྱབ་ཁར་ རི་གསུམ་ཡོད་མི་ལས་ མི་ལེ་ཤ་ཧང་སྟོང་མར་ཐོན་འོང་སྟེ་ བཞེངས་ཡོད་ནི་དེ་གིས་ ལུང་ཕྱོགས་དེ་གི་མིང་ཡང་ དེ་ལས་ཚུར་དྲངས་ཏེ་ ཧད་ཟེར་བཏགས་ཡོད་རུང་ ད་རེས་ནངས་པར་ སྒྲ་ཉམས་ཏེ་ ཧཱ་ཟེར་དར་ཡོདཔ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ བཤད་ནི་འདུག།
ལོ་རྒྱུས་གཞན་ཅིག་ལས་འབད་བ་ཅིན་ ཧཱ་ཟེར་མི་འདི་ དུས་རབས་༧ པའི་ནང་ གུ་རུ་རིན་པོ་ཆེ་གིས་ སྔགས་ཡིག་ཧཱ་བགྱངས་གནང་ཐོག་ལས་ ཡུལ་ལྗོངས་དེ་ འཛམ་གླིང་ནང་ཡོད་མི་ མ་རུངས་པའི་ འདྲེ་བདུད་ཚུ་ལས་ སྲུང་སྐྱོབ་མཛད་གནང་མི་ལུ་བརྟེན་ ཡུལ་ཕྱོགས་དེ་གི་མིང་ཡང་ ཧཱ་ཟེར་ དར་ཁྱབ་བྱུང་བྱུངམ་སྦེ་ ཆ་བཞགཔ་མ་ཚད་ ཧཱཔ་རྒན་ཤོས་ཚུ་གིས་ ཧཱ་དེ་ གུ་རུ་རིན་པོ་ཆེའི་ སྦས་ཡུལ་རྩ་ཅན་ཅིག་སྦེ་ཡང་ བརྩིཝ་ཨིན་ཟེར་ བཤད་སྲོལ་འདུག།

ནང་རྟེན་གཙོ་བོ་ ཚེ་དཔག་མེད་ཀྱི་སྐུ་འདྲ་དང་ ཨཔ་ཁྱུང་བདུད།
ལྷ་ཁང་དཀར་པོའི་ ནང་རྟེན་གཙོ་བོ་འདི་ མགོན་པོ་ཚེ་དཔག་མེད་ཨིནམ་ད་ ལྷ་ཁང་དཀརཔོ་དེ་ བསྒྲུབས་ཞིནམ་ལས་ འཇིམ་བཟོཔ་ཅིག་ ཚེ་དཔག་མེད་ཀྱི་ སྐུ་བཞེངས་ཏེ་ དབུ་གུ་ལྷོདཔ་ད་ སྐུ་གཟུགས་དང་མཐུན་པའི་དབུ་ཅིག་ རྩ་ལས་ར་ བཞེངས་མ་ཚུགས་པར་ རེ་ཐག་ཆད་དེ་ བཤོལ་བཞག་ནི་གུ་ ལྷོད་སོཔ་ཨིན་པས།
དེ་བསྒང་ ཨ་རྒས་ཅིག་གིས་ ལག་ཆུང་ཅིག་འབག་སྟེ་ འོང་ཞིནམ་ལས་ སྐུའི་དབུ་ཅིག་ བཙོང་ནི་ཡོད་ཟེར་སླབ་ལས་ འཇིམ་བཟོཔ་དེ་གིས་ ཧེ་མ་ར་ དབུ་དེ་ ཚེ་དཔག་མེད་ཀྱི་ སྐུའི་ཚད་གཞི་ལུ་ བཏུབ་མ་བཏུབ་ མཐུད་བལྟ་བའི་སྐབས་ ཚད་ཀྲིག་ཀྲི་ཡོདཔ་ལས་ རིན་དངུལ་ལེགས་ཤོམ་སྤྲོད་དེ་ ཉོ་དགོ་པས་ཟེར་མནོ་སྟེ་བལྟཝ་ད་ མི་དེ་ གར་སོང་མེད་པར་ ཡལ་སོཔ་ཨིན་པས།
མི་ཚུ་གིས་ དབུ་ཕུལ་མི་དེ་ ཨཔ་ཁྱུང་བདུད་ཨིནམ་སྦེ་ ཆ་བཞག་པའི་ཤུལ་ལས་ ཨཔ་ཁྱུང་བདུད་ཀྱི་ སྐུ་འདྲ་ཅིག་ཡང་ བཞེངས་ཡོདཔ་ལས་ ལྷ་ཁང་དེ་ཡང་ ཨཔ་ཁྱུང་བདུད་ཀྱི་ གནས་ཁང་སྦེ་ བརྩི་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ རིག་འཛིན་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *