ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ།

ལྡོག་ཕྱོགས་ལས་ དངུལ་ཕོགས་ཡར་སེང་གི་ སྐྱོན་བརྗོད་ལུ་ གཞུང་རྣམ་རྟོག་ལང་ཡོདཔ།

གཞུང་གིས་ ལྡོག་ཕྱོགས་ཚོགས་པ་ལུ་ ལུང་ཕྱོགས་དང་ མི་སྡེ་ཁག་དབྱེ་བའི་ ཐབས་བྱུས་འཐབ་པའི་ཁ་ཉེས།
༉ འཕྲལ་ཁམས་ཅིག་ཁར་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ སྐྱོན་བརྗོད་དང་ ཁ་བཏང་མིའི་སྐོར་ལས་ བརྡ་བརྒྱུད་ནང་ བཀོད་མི་དང་འཁྲིལཝ་ད་ གཞུང་གིས་ དངུལ་ཕོགས་ཡར་སེང་འབད་མིའི་ནང་ སྲིད་དོན་གྱི་དབང་ལུ་ཐལ་ཏེ་ དཔེ་ངན་པ་སྟོན་ཡོདཔ་མ་ཚད་ སྲིད་དང་འབྲེལ་བའི་ ཆགས་སྡང་ཕྱོགས་རིས་ཕྱེ་ཡོད་པའི་ ཁ་ཉེས་བཀལ་ནུག་ཟེར་ཨིན་པས།
དེ་ཡང་ གཞུང་སྐྱོང་གི་ བརྡ་བརྒྱུད་མགྲིན་ཚབ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ལྷན་རྒྱས་ལྡན་སའི་ ར་བཱིན་མགྲོན་ཁང་ནང་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཧེ་མར་ གཞུང་སྐྱོང་དང་ ཤུལ་ལས་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་ཞིནམ་ལས་ཚུར་ མི་སྡེ་དང་ ལུང་ཕྱོགས་ཀྱི་བར་ན་ དབྱེ་ཁག་བཟོ་ནི་གི་ མནོ་ལུགས་དེ་ བསྒྱུར་བཅོས་མ་འགྱོ་བས་ཟེར་བཤད་ཅི།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ གཞུང་གིས་ ལཱ་ཚུ་ག་ཅི་འབད་རུང་ ཚོགས་པའི་མཐའ་དོན་མེན་པར་ གཞུང་དང་མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ དམངས་གཙོའི་རིང་ལུགས་ མདུན་སྐྱོད་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ཚུ་ རྒྱབ་བསྐྱུར་ཐོག་ ཁོང་རའི་ཚོགས་པའི་ མཐའ་དོན་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་མི་དེ་ ད་ལྟོའི་བར་ན་ཡང་ བསྒྱུར་བཅོས་མ་འགྱོ་བར་ མནོ་ལུགས་དེ་སྦེ་ར་འདུག་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་དེ་ ཧེ་མ་ལས་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ཡོད་རུང་ ཁོང་ལུ་ ཉམས་མྱོང་ངོ་མ་ར་ མི་སྡེ་དང་ ལུང་ཕྱོགས་ཀྱི་བར་ན་ ཁག་དབྱེ་ནིའི་ ཉམས་མྱོང་ཐོབ་ནུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་པའི་ཁར་ གནད་དོན་ག་ཅི་ཐོན་རུང་ ག་ར་སྲིད་དང་འབྲེལ་བ་བཟོ་ནི་འདུག་ཟེར་བཤད་ཅི།
དངུལ་ཕོགས་ཡར་སེང་།
དངུལ་ཕོགས་ཡར་སེང་གི་ཐད་ལུ་ གཞུང་ལས་ ཐུགས་ཐག་བཅད་མི་ལུ་ ལྡོག་ཕྱོགས་ལས་ རྒྱབ་སྐྱོར་མེད་ལུགས་དང་ དངུལ་ཕོགས་ཡར་སེང་ལུ་བརྟེན་ ཡུན་བརྟན་ག་དེ་སྦེ་ འོང་ག་ཟེར་ དྲི་བཀོད་འབད་མིའི་ཐད་ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ སྤྱི་ཚོགས་འཚོགས་པའི་སྐབས་ གཞུང་གིས་ དངུལ་ཕོགས་ཡར་སེང་འབད་མི་ལུ་ ལྡོག་ཕྱོགས་ཀྱིས་ རྒྱབ་སྐྱོར་ཧྲིལ་བུ་འབད་ཡོད་རུང་ ཕྱི་ཁར་ལྷོདཔ་ད་ མ་བདེན་པའི་ ལོ་རྒྱུས་སོ་སོར་བཤད་དེ་ མི་སྡེ་ལུ་ གོ་བ་བརྡ་ལོག་སྤྲོད་ནི་དང་ དབྱེ་ཁག་བཟོ་ནིའི་ ཐབས་ཤེས་ཨིན་མས་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ དེ་བཟུམ་འབད་མི་དེ་ དོན་ཅན་སྦེ་ར་ གོ་བ་ཕྱི་འགྱུར་སྤྲོད་ཐབས་ལུ་ཨིནམ་བཟུམ་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་པའི་ཁར་ ཁོང་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ གཞུང་གི་དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ལུ་ རྒྱབ་སྐྱོར་འབད་དེ་ ཚོགས་རྒྱན་གསུམ་དཔྱ་༢ ཐོབ་ཡོད་རུང་ ཞག་དག་པ་ཅིག་གི་རྒྱབ་ལས་ དེ་ཚུ་ མི་བདེན་ཟེར་སླབ་ནུག་ཟེར་བཤད་ཅི།
དངུལ་ཕོགས་ལྷན་ཚོགས་༤ པའི་ སྙན་ཞུ་ལུ་ཡང་ རྒྱབ་སྐྱོར་ཧྲིལ་བུ་ཐོབ་ཡོད་རུང་ ཕྱི་ཁར་ལྷོདཔ་ད་ ཚོགས་ཁང་གིས་ གྲོས་ཐག་བཅད་མི་ལུ་ ངོས་ལེན་མེད་ཟེར་ སླབ་མི་དེ་ལུ་ ལྡོག་ཕྱོགས་ཀྱི་ འགན་ཁུར་དེ་ ལྡོག་ཕྱོགས་འབད་ནི་རྐྱངམ་གཅིག་ཨིནམ་ ཧ་གོ་ཡོདཔ་མ་གཏོགས་ གཞུང་དང་ལཱ་གཅིག་ཁར་འབད་ནིའི་ འཆར་གཞི་མེནམ་ གསལ་སྟོན་འབདཝ་མས་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་དང་པ་ གཞུང་སྐྱོང་དོ་ཡོདཔ་ལས་ ལྡོག་ཕྱོགས་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ལཱ་འབད་ཡོད་པའི་ཁར་ ལཱ་གཅིག་ཁར་འབད་ནིའི་དོན་ལུ་ འཕྲལ་འཕྲལ་ར་ གཞུང་གི་འཐུས་མི་ཚུ་གིས་བཙུགས་མི་ གྲོས་འདེབས་ཚུ་ལུ་ཡང་ རྒྱབ་སྐྱོར་མ་འབད་བར་ ལྡོག་ཕྱོགས་ཀྱིས་ བཙུགས་མི་ཚུ་ལུ་ རྒྱབ་སྐྱོར་ཚུ་འབད་དེ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ འདས་པའི་གཞུང་གཉིས་ཀྱིས་ ཧེ་མ་ལས བྱེལཝ་ལང་ནིའི་ དཔེ་ཡོད་མི་དེ་ ངོ་མ་ར་ ལྡོག་ཕྱོགས་ཚོགས་པ་གིས་ སྟོན་ཡོད་པའི་ཁར་ མི་སྡེའི་བར་ན་ ཁག་དབྱེ་བའི་གནས་སྟངས་བཟོ་མི་ལུ་ སེམས་ཕམ་ཡོད་ཟེར་ཨིན་པས།
གཞུང་གིས་ དངུལ་ཕོགས་ཡར་སེང་དེ་ དཔེ་ངན་པ་སྟོནམ་མས་ཟེར་ ལྡོག་ཕྱོགས་ཀྱིས་ ཁ་བཏང་ཡོད་མི་ལུ་ དཔེ་ངན་དེ་ ད་ལྟོའི་གཞུང་གིས་མེན་པར་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་འབད་ནིའི་ གོ་སྐབས་ཐོབ་པའི་སྐབས་ སྟོན་ཡོདཔ་ལས་ མི་སེར་གྱིས་ ལོག་སྟེ་གཞུང་སྐྱོང་ནིའི་ གོ་སྐབས་མ་བྱིན་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་མས་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤད་ཅི།
གཞུང་གིས་ གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་ལུ་ གོང་འཕེལ་གྱི་ལཱ་ཚུ་ དགོཔ་ཡོད་རུང་ ལྡོག་ཕྱོགས་ཀྱིས་ ཧེ་མ་ཡང་ ལུང་ཕྱོགས་ཁག་དབྱེ་བའི་མཐའ་མར་ ད་རེས་ གཞལམ་སྒང་རྫོང་ཁག་ཡང་ དེ་བཟུམ་བཟོ་ནིའི་ དམིགས་འཆར་འབད་མི་ལུ་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
གཞལམ་སྒང་རྫོང་ཁག་གི་ གནད་དོན་ཐོན་མི་དེ་ གཙོ་བོ་ར་ གཞུང་གིས་ ལྟ་བཤལ་དང་འབྲེལ་བའི་ དམིགས་བསལ་ལས་རིམ་དེ་ གསརཔསྤང་ལུ་ བསྒྱུར་བཅོས་འབད་མི་ལུ་བརྟེན་བྱུང་ནུག།
ཕྱི་འབྲེལ་བློན་པོ་གིས་ འདས་པའི་གཞུང་གཉིས་ཀྱི་སྐབས་ ལུང་ཕྱོགས་དང་ མི་སྡེའི་བར་ན་ ཁག་དབྱེ་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ སྐུལ་བསྒྲགས་སྐབས་ར་ གཅིག་མཐུན་བཟོ་ནིའི་ དམིགས་ཡུལ་ཡོདཔ་ལས་ ཚོགས་པ་གསརཔ་ལུ་ གོ་སྐབས་གནང་དགོཔ་སྦེ་ ཞུ་བ་་ཡི་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གི་ ཧེ་མའི་མནོ་ལུགས་དེ་ བསྒྱུར་བཅོས་འབད་དེ་ མི་སྡེའི་ནང་ གཅིག་མཐུན་བཟོ་ནིའི་ མནོ་བསམ་བཏང་དགོཔ་འདུག་ཟེར་ བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་ཅི།
ང་བཅས་ཀྱིས་ དམངས་གཙོའི་རིང་ལུགས་གསརཔ་སྦེ་ འགོ་བཙུགས་ནིའི་དོན་ལུ་ སྐུལ་བསྒྲགས་སྐབས་ལུ་ཡང་ མི་སེར་ཚུ་ལུ་ གཞུང་སྐྱོང་གི་ གོ་སྐབས་གནང་དགོཔ་སྦེ་ ཞུ་བསྐུལ་འབད་ཡོདཔ་ལས་ ལྡོག་ཕྱོགས་ཀྱིས་ ད་རེས་ཀྱི་གཞུང་དེ་ འབྲུག་མཉམ་རུབ་ཚོགས་པ་ཨིནམ་ བརྗེད་སོང་ནུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བརྡ་བརྒྱུརཔ་ཚུ་ལུ་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཀྱིས་ དམངས་གཙོའི་རིང་ལུགས་ཀྱི་ དཔེ་སྟོན་མི་དེ་ ལེགས་ཤོམ་ཅིག་ མ་འགྱོཝ་ལས་ དཔེ་ངན་དེ་གིས་ མི་སེར་ཚུ་ དམངས་གཙོའི་རིང་ལུགས་ལུ་ བསུན་ཡོད་རུང་ སྲིད་དང་འབྲེལ་བའི་ བྱ་ངན་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་འདུག་ཟེར་ ཁ་ཉེས་བཀལ་ཡི།
འབད་པའི་གཞུང་ཚུ་གིས་ འཛོལ་བ་བཟོ་མི་ཚུ་ ད་ལྟོའི་གཞུང་གིས་ ནོར་བཅོས་དང་ ལེགས་ཤོམ་བཟོ་ནིའི་ རྩ་འགེངས་ཏེ་ ལཱ་ཚུ་འབད་དོ་ཡོདཔ་ལས་ ཚོགས་པའི་མཐའ་དོན་ལུ་དམིགས་ཏེ་ འབད་ནི་མེད་ཟེར་ཨིན་པས།
དངུལ་ཕོགས་བསྐྱར་བཟོའི་ དཔྱད་ཡིག་ཐད་ལུ་ ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པ་ལས་ རྒྱབ་སྐྱོར་མེད་པ་ཅིན་ དཔྱད་ཡིག་དེ་ ཆ་མེད་འགྱོ་ནི་ཨིན་རུང་ ལྡོག་ཕྱོགས་ཀྱིས་ རྒྱབ་སྐྱོར་ཧྲིལ་བུ་འབད་དེ་ཡོདཔ་ལས་ ད་རེས་ ཕྱི་ཁར་བློ་སོ་སོར་ སླབ་མི་དེ་ མི་སྡེ་ལུ་ དཀྲོག་ནིའི་དོན་ལུ་ཨིན་མས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
ལྡོག་ཕྱོགས་དེ་ གཞུང་སྐྱོང་འབད་སྡོད་པའི་སྐབས་ལུ་ འཐུས་ཡར་སེང་དེ་ རྒྱལ་ཁབ་ནང་ རྩིས་ཆད་ཀྱི་ དཀའ་ངལ་ཡོད་པའི་སྐབས་ འབད་ཡོདཔ་ལས་ རུ་པི་དང་ སྐྱིན་འགྲུལ་མ་ཐོབ་པའི་ དཀའ་ངལ་ཚུ་ ཐོན་ནུག་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ ད་རེས་ དངུལ་ཕོགས་དང་ འཐུས་ཡར་སེང་མི་དེ་གིས་ གསོ་བ་དང་ ཤེས་རིག་གི་ སློབ་དཔོན་ཚུ་ལུ་ ཕན་ཐོགས་ཡོད་པའི་ཁར་ གཡོག་ནང་ལས་ དགོངས་ཞུ་འབད་ནི་གི་ ཐག་བཅད་ཚུ་མི་ཡང་ ལོག་འཛུལ་ཡོདཔ་མ་ཚད་ ལ་ལོ་ལཱ་གཡོག་དེ་ཚུ་ནང་ འཛུལ་འདོད་བསྐྱེད་མི་ཡང་འདུག་ཟེར་བཤད་ཅི།
འཆར་གཞི་༡༠ པའི་ནང་ རྒྱལ་ཁབ་ནང་ མ་དངུལ་ཐེར་འབུམ་༤ དེ་ཅིག་ མ་ལང་པའི་གནས་སྟངས་ནང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གི་སྐབས་ དངུལ་ཀྲམ་ཐེར་འབུམ་༥ གནས་པའི་ དངུལ་ཕོགས་ཡར་སེང་བྱིན་ཡོདཔ་ལས་ ད་རེས་ ཚོགས་པ་དེ་གིས་ར་ ང་བཅས་ལུ་ ཡར་སེང་འབད་བའི་སྐོར་ལས་ དྲི་བཀོད་འབད་ནི་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ དགོས་མཁོས་དང་འཁྲིལ འཐུས་ཡར་སེང་བྱིན་ཡོད་རུང་ ལྡོག་ཕྱོགས་ཚོགས་པ་གིས་ འབད་མི་དེ་ ང་བཅས་ཀྱི་ གནས་སྟངས་བ་སྐྱོཝ་སྦེ་ སྡོད་པའི་སྐབས་ ཡར་སེང་བྱིན་ནུག་ཟེར་བཤད་ཅི།
ད་རུང་ གཞུང་གིས་ གློག་མེ་འཕྲུལ་ཁང་གི་ འོང་འབབ་ལུ་ རྒྱབ་རྟེན་ལེན་མི་ལུ་ དྲི་བ་འབད་དོ་ཡོད་རུང་ ལྡོག་ཕྱོགས་ཀྱིས་ ང་བཅས་ཀྱི་ འཆར་གཞི་གཞན་ཚུ་ མ་མཐོང་པར་འདུག་ཟེར་ཨིནམ་ད་ ང་བཅས་ཀྱི་སྐབས་ལུ་ འོང་འབབ་བརྒྱ་ཆ་༧༣ དེ་ཅིག་ ནང་འཁོད་ནང་ལས་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ལས་ བཏོན་ཡང་ཚུགས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
འཆར་གཞི་༡༠ པ་དང་༡༢ པའི་བར་ན་ ཁྱད་པར་བལྟ་བ་ཅིན་ ཁྱད་པར་སྦོམ་ཡོད་པའི་ཁར་ དཔལ་འབྱོར་གྱི་ གནས་སྟངས་དེ་ཡང་ ད་རེས་ ལེ་ཤ་གིས་དྲག་ཟེར་ཨིནམ་ད་ དངུལ་ཕོགས་ཡར་སེང་གིས་ ཤེས་རིག་དང་ གསོ་བའི་སྤུས་ཚད་ ད་ཚུན་ སྐྱོ་དྲགས་སྦེ་ཡོད་མི་དེ་ གཙོ་བོ་ར་ ལྡོག་ཕྱོགས་ཀྱིས་ མི་སེར་དམངས་གཙོའི་རིང་ལུགས་ནང་ སྐྱོ་དྲགས་སྦེ་ འབད་མི་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་སྦེ་ར་ ལུས་ནུག་ཟེར་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *