ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཚོགས་པའི་གཙོ་འཛིན་༢ སྐུལ་བསྒྲགས་འབད་བར་ འགྱོ་ནི་ལས་ འཛེམ་དགོ་པའི་གྲོས་འདེབས།

༉ འབྲུག་མཉམ་རུབ་ཚོགས་པའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ མོང་སྒར་དང་ ངང་ལམ་འདེམས་ཁོངས་ཀྱི་ སྐུལ་བསྒྲགས་སྐབས་ གཙོ་འཛིན་གྱི་ འགན་ཁུར་འབག་སྟེ་ སྐུལ་བསྒྲགས་འབད་ནིའི་ ངེས་པ་མེད་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ནད་ཡམས་ཀོ་བིཌ་- ༡༩ འི་ གནས་སྟངས་དང་ གནམ་བྱཱར་གྱི་ སྤྱི་ཚོགས་རན་མི་ལུ་བརྟེན་ བློན་ཆེན་ལུ་ འདེམས་ཁོངས་ཚུ་ནང་ མི་འགྱོ་ནིའི་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ སླབ་མིའི་ནང་ གཙོ་འཛིན་གྱིས་ འདེམས་ཁོངས་ཚུ་ནང་ འགྱོ་ནི་དེ་ གལ་ཆེ་དོབཟུམ་སྦེ་ རྒྱལ་ཡོངས་ཀྱི་ གཙོ་རིམ་ནང་ཡང་ བཅའ་མར་གཏོགས་དགོ་མི་ཚུ་ སེམས་ཁར་བཞག་སྟེ་ཡོད་ཟེར་ཨིན་པས།

དུས་མིན་བཙག་འཐུ་དེ་ སྤྱི་ཚོགས་དང་ ཁ་ཐུག་རྐྱབ་དོ་ཡོདཔ་ལས་ ཚོགས་པའི་གཙོ་འཛིན་གྱིས་ སྐུལ་བསྒྲགས་ནང་ འགྱོ་ནི་མི་འགྱོ་ནི་ ད་ལྟོ་ སྒོ་ཡངས་སྦེ་ བཞག་སྟེ་འདུག་ཟེར་ ཕུར་པ་གིས་ བཤད་པའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ ནད་ཡམས་སྐབས་ ག་དེ་སྦེ་ སྐུལ་བསྒྲགས་འབད་ནི་ཨིན་ན་ གྲོས་བསྟུན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

ལྡོག་ཕྱོགས་ཚོགས་པ་དང་འཁྲིལཝ་ད་ ནད་ཡམས་སྐབས་ ཚོགས་པའི་གཙོ་འཛིན་གྱིས་ སྐུལ་བསྒྲགས་ནང་ བཅའ་མར་གཏོགས་པ་ཅིན་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཐོ་སྦོམ་སྦེ་ ཕོག་ནི་ཨིནམ་མ་ཚད་ འཛེམ་མེད་དང་ སྣང་མེད་ཅན་གྱི་ བྱ་སྤྱོད་ཅིག་ཡང་ འོང་ནི་མས་ཟེར་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཚོགས་པ་ལས་ལྷགཔ་སྦེ་ མི་སེར་གྱི་ ཁེ་ཕན་དེ་ ཁག་ཆེཝ་ལས་ གཙོ་འཛིན་གཉིས་ཀྱིས་ སྐུལ་བསྒྲགས་འབད་ནི་ལས་ འཛེམ་དགོ་པའི་ བསམ་འཆར་བཀོདཔ་ཨིན་ཟེར་བཀོད་ནུག།

ནད་ཡམས་ཀྱི་ གནས་སྟངས་དེ་ ཚབས་ཆེན་ཅིག་ལུ་ གྱུར་ཡོདཔ་ལས་ དུས་མིན་བཙག་འཐུ་དེ་ ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་དང་འཁྲིལ་ འབད་དགོ་ཟེར་བཀོད་ནུག།

ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་གིས་ གཙོ་འཛིན་གྱིས་ འདེམས་ཁོངས་སྐུལ་བསྒྲགས་ཚུ་ནང་ འདེམས་ངོ་དང་གཅིག་ཁར་ འགྱོ་དགོ་པའི་གྲོས་འཆར་བཀོད་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ མི་མང་མ་བཀུག་པར་ སྤྱིར་བཏང་འཛོམས་འདུ་ཚུ་ནང་ཡང་ འདེམས་ངོ་རང་ འགྱོ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

ཀོ་བིཌ་-༡༩ འི་སྒྲིག་གཞི་དང་འཁྲིལཝ་ད་ མི་༢༥ ཚུན་ འཛོམས་ཆོག་ནི་ཨིནམ་ད་ གནས་ཚུལ་བྱུང་ཁུངས་དང་འཁྲིལཝ་ད་ བློན་ཆེན་གྱིས་ ནད་ཡམས་ཀྱི་ གནས་སྟངས་ ཚབས་ཆེན་འགྱོ་མི་ལུ་ ཚ་གྱང་ཡོད་པའི་ཁར་ གནམ་བྱཱར་གྱི་ སྤྱི་ཚོགས་ནང་ཆད་སྦེ་ སྡོད་ནི་གི་ མནོ་བསམ་མེད་ཟེར་ཨིན་པས།

གནམ་བྱཱར་གྱི་ སྤྱི་ཚོགས་དེ་ སྤྱི་ཟླ་༥ པའི་ཚེས་༢༧ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིནམ་ད་ སྐུལ་བསྒྲགས་དེ་ སྤྱི་ཟླ་༥ པའི་ཚེས་༢༥ ལས་ སྤྱི་ཟླ་༦ པའི་ཚེས་༢༧ ཚུན་ འབད་ནི་ཨིན་པས།

ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་འབད་བ་ཅིན་ ཁོང་གི་ འདེམས་ངོ་གཉིས་ཆ་ར་ གཞོནམ་ཨིན་པའི་ཁར་ སྲིད་དོན་ནང་ གསརཔ་ཨིན་རུང་ ཚོགས་པའི་གཙོ་འཛིན་གྱིས་ སྐུལ་བསྒྲགས་མི་འབད་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིནམ་ད་ ཚོགས་པ་གིས་ རེས་གཟའ་ཉི་མ་ལུ་ འདེམས་ངོ་གཉིས་ གསལ་སྟོན་འབད་ནི་ཟེར་ བཤདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་༢ གསལ་སྟོན་འབད་མི་དེ་ཡང་ མོང་སྒར་འདེམས་ཁོངས་ལས་ ཀརྨ་ལྷ་མོ་གིས་ ད་རེས་འབདཝ་ད་ སྤྱི་ཚོགས་ཀྱི་ བཙག་འཐུ་ནང་ ལན་ཐེངས་བཞི་བཅའ་མར་གཏོགས་ནི་ཨིནམ་ད་ པདྨ་དགའ་ཚལ་ངང་ལམ་འདེམས་ཁོངས་ལས་ འདེམས་ངོ་ཀརྨ་རྡོ་རྗེ་གིས་ བཙག་འཐུ་ནང་ ལན་ཐེངས་གཉིས་ དོ་འགྲན་འབདཝ་ཨིན་པས།

བློན་ཆེན་གྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ བུམ་ཐང་ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་ འདེམས་ངོ་ཟླ་བ་གི་དོན་ལུ་ སྐུལ་བསྒྲགས་ནང་ སོང་ཡོད་རུང་ ད་རེས་ཡང་ འགྱོ་བ་ཅིན་ སྤྱི་ཚོགས་ཀྱི་ ཚོགས་རིམ་ནང་ དུས་ཚོད་གངམ་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པས།

སྐུལ་བསྒྲགས་འབད་ནི་དེ་ འཇམ་ཏོང་ཏོ་མེད་མི་དེ་ཡང་ གཙོ་འཛིན་གཉིས་ཀྱིས་ ངང་ལམ་ལས་ ལོག་འོངམ་ད་ ཟུར་བཞག་ནང་ བདུན་ཕྲག་༡ སྡོད་དགོ་ནི་ཨིན་མི་ལུ་བརྟེན་ཨིན་པས།

ཚོགས་པའི་འཐུས་མི་ཚུ་དང་འཁྲིལཝ་ད་ གཙོ་འཛིན་ཚུ་གིས་ འདེམས་ངོ་དང་གཅིག་ཁར་ འགྱོ་ཚུགས་པ་ཅིན་ རྒྱལ་ཁ་འཐོབ་ནིའི་ གོ་སྐབས་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།

ད་ཚུན་ རྫོང་ཁག་དེ་གཉིས་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ མ་ཐོན་པའི་ཁར་ དུས་མིན་བཙག་འཐུ་དེ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་ལུ་ བར་ཆད་བཟུམ་ཅིག་སྦེ་ ཚོགས་པའི་འཐུས་མི་བགྲེསཔ་ ཀརྨ་ལྷ་མོ་གིས་ དུས་མིན་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༩ ལུ་ འབྲུག་མཉམ་རུབ་ཚོགས་པ་༼གཞུང་སྐྱོང་༽ གིས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ སྐྱེས་ལོ་༤༢ ལང་མི་ ཀརྨ་ལྷ་མོ་དེ་ མོང་སྒར་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ མོ་གིས་ འགོ་ཐོག་གི་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོད་རུང་ ཤུལ་མའི་བཙག་འཐུ་༢ ཆ་རའི་ནང་ ཕམ་པའི་ཤུལ་ལས་ མོ་རའི་ཚོགས་པ་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།

བཙག་འཐུ་གསུམ་པའི་སྐབས་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་མི་ ནང་སྲིད་བློན་པོ་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་ལས་ ཕམ་ཡོདཔ་ཨིན་པས།

ཀརྨ་ལྷ་མོ་གིས་ མོ་གི་མི་སྡེ་བརྡ་བརྒྱུད་ནང་ སྲིད་དོན་པའི་ ཉམས་མྱོང་དང་འཁྲིལཝ་ད་ ཐ་དམ་ཚིག་དེ་ མི་སེར་ཚུ་དང་ཨིནམ་ལས་ ཁོང་ལུ་ ཞབས་ཏོག་ཞུ་ནི་གི་ ཁས་བླངས་ཡོད་ཟེར་ མོ་རའི་འདེམས་ཁོངས་དང་ གཞུང་གི་དོན་ལུ་ ཕྱག་ཞུ་ནི་ཨིན་པ་ཅིན་ ཚོགས་པ་སོར་མི་གིས་ ཁྱད་པར་སྦོམ་ག་ནི་ཡང་མེད་ཟེར་ བཀོད་ནུག།

འབྲུག་མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ཅིག་དང་ བརྡ་དོན་འཕྲུལ་རིག་གི་མཁས་མཆོག་ སྐྱེས་ལོ་༤༥ ལང་མི་ ཀརྨ་རྡོ་རྗེ་དེ་ ངང་ལམ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་སྟོན་འབད་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་པའི་སྐབས་ འཕྲལ་ཁམས་ཅིག་ཁར་ ཚལ་མ་ནང་གི་ སྔོ་ཤིང་ཅིག་ ཚོདམ་བཙོ་སྟེ་ བཟའ་བའི་ཤུལ་ལས་ གྱོངས་སོ་མི་ འཐུས་མི་ཆོས་གྲགས་རྒྱ་མཚོ་ལས་ ཕམ་པའི་ཤུལ་ལུ་ བརྡ་དོན་འཕྲུལ་རིག་གི་ཚོང་འབྲེལ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།

ཚོགས་པའི་གནས་ཚུལ་གསར་བཏོན་ནང་ ཁ་རྗེ་མེད་པའི་ རྐྱེན་ངན་ཁག་གཉིས་བྱུང་མི་ལུ་བརྟེན་ དུས་མིན་བཙག་འཐུ་འགོ་འདྲེན་ འཐབ་དགོཔ་ཐོན་ཡོད་རུང་ འདེམས་ཁོངས་ཀྱི་ འགན་དབང་དེ་ འཕྲོ་མཐུད་འབག་དགོ་ཟེར་བཀོད་ནུག།

ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཞུང་སྐྱོང་གི་ཐོག་ལས་ འདེམས་ཁོངས་ནང་ ཁྱད་པར་བཟོ་ཚུགས་པའི་ མི་ངོམ་༢ བཏོན་ཏེ་ཡོད་ཟེར་ བཀོད་ཡོདཔ་ད་ བཙག་འཐུ་དེ་ ཁག་ཆེ་དོབཟུམ་སྦེ་ བཙག་འཐུའི་རིང་ལུ་ ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་ཡང་ སེམས་ཁར་བཞག་སྟེ་ འབད་འོང་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *