ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ གྲོས་འདེབས་༥ ཕུལ་ཡོདཔ།

༉ གཞུང་གིས་ དུས་ཚོད་དང་བསྟུན་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་བཙོང་སྟེ་ སོ་ནམ་པ་ཚུ་ལུ་ ཁེ་ཕན་འབྱུང་ཐབས་ཀྱི་དོན་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གྲོས་འདེབས་༥ ཕུལ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

དེ་ཡང་ གཞུང་གིས་ གོང་ཚད་རན་ཏོང་ཏོ་སྦེ་ ཚོད་བསྲེ་ཚུ་ ལོག་ཉོ་ནིའི་ ལམ་ལུགས་ཡར་དྲག་གཏང་དགོ་པའི་ཁར་ རྒྱ་གར་ལུ་ ཕྱིར་བཙོང་འབད་དེ་ དཀའ་ངལ་བསལ་དགོཔ་ད་ ཐོན་སྐྱེད་དང་ ནང་འཁོད་ཚོང་འབྲེལ་འབད་མི་ རྒྱུན་ལམ་ཡར་དྲག་གཏང་དགོཔ་ ཐོན་སྐྱེད་ཚུ་ ཕྱི་སེལ་ནང་སེལ་རྐྱབ་ནི་དང་ སྒམ་རྐྱབ་སྟེ་བཙུགས་ཐངས་ དེ་ལས་ སྤུས་ཚད་དང་ལྡནམ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ སྤྱི་ཚོགས་ཀྱིས་ འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གན་རྒྱ་བཟོ་མི་དེ་ བསྟར་སྤྱོད་འབད་དེ་ བང་ལ་དེཤ་ལུ་ ཕྱིར་བཙོང་འབད་ནིའི་ཐབས་ལམ་སྒྲིག་དགོཔ་སྦེ་ གཞུང་ལུ་ གྲོས་འདེབས་ཕུལ་ཡི་ཟེར་ ཁ་ཙ་གི་ གནས་ཚུལ་གསར་བཏོན་ནང་ གསལ་བཀོད་འབད་ནུག།

གསར་བཏོན་འབད་མིའི་ སྙན་ཞུ་ནང་བཀོད་དོ་བཟུམ་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ དུས་ཚོད་དང་བསྟུན་པའི་ ཚོད་བསྲེ་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་གདོང་ལེན་ལུ་ ལྡོག་ཚོགས་ཚོགས་པ་ སེམས་ཕམ་ཡོདཔ་སྦེ་ཨིན་པས།

བརྡ་བརྒྱུད་ཀྱི་སྙན་ཞུ་དང་ ལྡོག་ཕྱོགས་ཚོགས་པ་གིས་ ལྷོ་ཕྱོགས་དང་དབུས་ཕྱོགས་ དེ་ལས་ ནུབ་ཕྱོགས་ཀྱི་ སོ་ནམ་པ་ཚུ་དང་གྲོས་བསྟུན་འབད་བའི་སྐབས་ ད་རེས་ཀྱི་གནས་སྟངས་ནང་ ཚོད་བསྲེའི་ཐོན་སྐྱེད་ མེ་ཊིག་ཊཱོན་སྦེ་ ཁྲོམ་སྡེ་ཚུ་ནང་ འབག་མ་ཚུགས་པར་ འདུག་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ རོང་ཆུ་དང་གཙང་ཆུ་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ ཆག་དང་ རྩྭ་སྦེ་བྱིན་དགོཔ་ཐོན་མི་དེ་ བཙོང་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ སྤ་རོ་ནགས་རྒྱ་གི་ སོ་ནམ་པ་ཚུ་གིས་ ཧོན་ཚོད་དང་ ཚོད་བསྲེ་གཞན་ཚུ་ བཙོང་མ་ཚུགསཔ་ལས་ ཟད་འགྲོ་སྦོམ་བཏང་མི་དེ་ ཆུད་ཟད་འགྱོ་བའི་ཁར་ གཞལམ་སྒང་དང་ གསར་སྤང་ དེ་ལས་ དར་དཀར་ནང་ལས་ ཐོན་སྐྱེད་འབད་མི་ ཨེ་མ་ཚུ་ཡང་ གྱོང་རྒུད་ཕོག་སྟེ་འདུག་ཟེར་ཨིན་པས།

གནས་ཚུལ་དང་འཁྲིལཝ་ད་ དེ་བཟུམ་གྱི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ གཞུང་གིས་ ལངམ་སྦེ་མཁོ་སྒྲུབ་ལམ་ལུགས་སྒྲིང་སྒྲི་མེད་པའི་ཁར་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མ་ཚུགས་པའི་དཀའ་ངལ་ དེ་ལས་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་དོན་ལུ་ མཐར་འཁྱོལ་འབྱུང་མ་ཚུགསཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།

དཀའ་ངལ་བྱུང་དགོ་པའི་ གནད་དོན་དེ་ འབྲུག་གིས་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ ཐོ་བཀོད་ནང་ མ་ཚུད་ནི་དེ་གིས་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མ་ཚུགས་པར་ཡོད་མི་དེ་ འབྲུག་གི་སོ་ནམ་པ་དང་ མ་འོངས་སོ་ནམ་སྡེ་ཚན་ལུ་ གནོད་ཉེན་སྦོམ་འབྱུང་ནི་མས་ཟེར་ བཀོད་ནུག།

གནས་སྟངས་དེ་གིས་སྦེ་ ནང་འཁོད་བཟའ་འཐུང་ཐོན་སྐྱེད་ཐོག་ལས་ ཉུང་མཐའ་ འབྲུག་གི་བཞེས་སྒོ་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དམིགས་གཏད་འགྲུབ་ནི་ལུ་ ཐོ་ཕོག་ནི་ཨིནམ་མ་ཚད་ སོ་ནམ་ལས་སྡེ་ནང་ ལཱ་གཡོག་གི་གོ་སྐབས་མངམ་བཟོ་ནི་ དེ་ལས་ མི་སྡེ་སྒྲིང་སྒྲི་ཐོག་ ཉམས་སྲུང་འབད་ནི་ལུ་ དཀའ་ངལ་འོང་ནི་མས་ཟེར་ བཀོད་ནུག།

ཚོད་བསྲེ་འཛུགས་སྐྱོང་གི་དོན་ལུ་ སོ་ནམ་པ་མང་ཤོས་ཅིག་གིས་ ཚོང་དང་བཟོ་གྲྭ་ཆུང་བ་ལས་ སྐྱིན་འགྲུལ་ལེན་ཡོད་རུང་ ཐོན་སྐྱེད་བཙོང་མ་ཚུགསཔ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གདོང་ལེན་འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ལུ་ གཞུང་གིས་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་ཐོན་སྐྱེད་ཡར་སེང་དང་ གོང་འཕེལ་གཏང་དགོཔ་སྦེ་ ཨུ་ཚུགས་རྐྱབ་པའི་ཤུལ་ལས་ གཞུང་གིས་ དགོས་མཁོ་འགྲུབ་ཐབས་ལུ་ སོ་ནམ་པ་ཚུ་གིས་ རྩ་འགེངས་ཏེ་ ལཱ་འབད་བའི་མཐའ་མར་ གྲུབ་འབྲས་ལུ་ ངོས་ལེན་མེདཔ་ལས་ སེམས་ཤུགས་མར་ཉམས་ཏེ་འདུག་ཟེར་ བཀོད་ནུག།

དེ་གིས་སྦེ་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མ་བཏུབ་པ་ཅིན་ རྒྱལ་ཁབ་ཀྱི་ བཞེས་སྒོ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ལུ་ དཀའ་ངལ་འབྱུང་ནི་ཨིནམ་མ་ཚད་ དཔལ་འབྱོར་དང་ མི་སྡེ་ལུ་ དེ་འཕྲོ་ལས་ར་ དཀའ་ངལ་ལེ་ཤ་ཐོན་ནི་མས་ཟེར་ བཀོད་ནུག།

འབྲུག་ཕུན་ཚོགས་པའི་ ཧོངས་ལས་འབད་བ་ཅིན་ སོ་ནམ་པ་ཚུ་ལུ་ དཀའ་ངལ་རྒྱ་ཆེཝ་སྦེ་ མ་འཐོན་པའི་སྔོན་གོང་ལས་ གཞུང་གིས་ དེ་འཕྲོ་ལས་ ཐབས་ཤེས་དང་ གནས་སྐབས་ཚུ་ བཏོན་དགོཔ་གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *