ལྡོག་ཕྱོགས་ཚོགས་པ་གིས་ ལས་དོན་བསྐྱར་ཞིབ་ཐོག་ ལས་བྱེད་ཚོགས་ཆུང་གཞི་བཙུགས།

༉ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ བཀོད་ཁྱབ་ཚོགས་ཆུང་གི་ ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ མཉམ་འབྲེལ་པ་དང་ འཐུས་མི་ཚུ་གིས་ སྤྱི་ཚོགས་དང་ སྤྱིར་བཏང་གཞུང་སྐྱོང་ལེགས་ལྡན་བཟོ་ནི་གི་ ལྷན་ཐབས་འབད་ནི་ནང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
བཀོད་ཁྱབ་ཚོགས་ཆུང་ནང་ བཙག་འཐུ་གྲུབ་མི་དང་ མ་གྲུབ་མི་ འཐུས་མི་༡༧ ཡོད་རུང་ ཐིམ་ཕུག་ལུ་འཚོགས་མི་ ཞལ་འཛོམས་ནང་ ཚོགས་པའི་མཉམ་འབྲེལ་པ་༡༠༠ དང་ ཕྱག་ཞུ་བའི་བསྒང་ཡོད་མི་འཐུས་མི་ དེ་ལས་ ཐོ་བཀོད་ཅན་གྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཅི་ཟེར་ ཚོགས་པའི་མགྲིན་ཚབ་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞལ་འཛོམས་དེ་ཡང་ ཚོགས་པའི་ལས་དོན་ཚུ་ བསྐྱར་ཞིབ་འབད་ནི་དང་ ལས་བྱེདཔ་ཚོགས་ཆུང་ བཟོ་ནིའི་དོན་ལུ་ འཚོགས་ཡོདཔ་བཞིན་དུ་ མཉམ་འབྲེལ་པ་དང་ འཐུས་མི་ཚུ་གིས་ གཞུང་གིས་ ལྟ་བཤལ་པའི་ དམིགས་བསལ་ལས་རིམ་ལུ་བལྟ་སྟེ་ སེམས་དང་མ་ལྡན་པའི་སྐོར་ལས་ བཤད་ཅི་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་འགོ་ཁྲིདཔ་ཚུ་གིས་ མཉམ་འབྲེལ་པ་ཚུ་ལུ་ ཕྱི་རྒྱལ་གྱི་ འགོ་དཔོན་ཚུ་ རྒྱལ་ཁབ་ནང་ བྱོན་པའི་ཤུལ་ལས་ གཞུང་གིས་ གནད་དོན་ཚུ་ ལོག་ངོས་ལེན་འབད་ཐོག་ སེལ་ཐབས་འབད་ཚུགས་པའི་ རེ་བ་ཡོད་པའི་སྐོར་ལས་ བཤད་བྱིན་ཡི་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
སྤྱི་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་རྩིས་ལོ་༢༠༡༩-༢༠ ཅན་མ་ཆ་འཇོག་འབད་ཐོག་ལས་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ལུ་ ལྟ་བཤལ་པའི་ དམིགས་བསལ་ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ ཆ་འཇོག་གྲུབ་གནང་ཡི།
ཨིན་རུང་ བདུན་ཕྲག་༡ གི་ཤུལ་ལས་ གཞུང་གིས་ གཞལམ་སྒང་གི་ཚབ་སྦེ་ གསར་སྤང་རྫོང་ཁག་བཙུགས་ཡོདཔ་ད་ གཞུང་གིས་འབད་བ་ཅིན་ སོར་བསྒྱུར་འབད་མི་དེ་ཡང་ ལྟ་བཤལ་གོང་འཕེལ་དེ་ ལུང་ཕྱོགས་འདྲ་མཉམ་སྦེ་ གཏང་ནིའི་དོན་ལུ་ ཐག་བཅད་ཡོདཔ་སྦེ་ བཤད་ནུག།
ལྡོག་ཕྱོགས་ཀྱིས་ འདི་བཟུམ་འབད་མི་དེ་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་༢༠༡༩-༢༠ ཅན་མ་ལས་ འགལ་མི་ལུ་བརྟེན་ ཆ་མེད་གཏང་དགོཔ་སྦེ་ གཞུང་ལུ་ ཞུ་བ་འབད་ཡོདཔ་ད་ གཞུང་གི་ཧོངས་ལས་འབད་བ་ཅིན་ བསྒྱུར་བཅོས་འབད་ནི་དེ་ བཀོད་ཁྱབ་དབང་ཆའི་ ནང་འཁོད་ལུ་ཨིནམ་ལས་ འགྱུར་ལྡོག་འབད་ཐབས་ མེད་ཟེར་ཨིན་པས།
ཞལ་འཛོམས་སྐབས་ བཀོད་ཁྱབ་ལྷན་ཐབས་དང་ ཚོགས་པའི་དྲུང་ཆེན་ཡིག་ཚང་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ འགོ་ཁྲིད་ཐོག་ ལས་བྱེདཔ་ཚོགས་ཆུང་ གཞི་བཙུགས་འབད་ཡོདཔ་ད་ འཐུས་མི་གིས་ སླབ་མིའི་ནང་ ལས་བྱེད་ཚོགས་ཆུང་ལུ་བརྟེན་ ཚོགས་པ་དེ་ མཉམ་འབྲེལ་ལེགས་ཤོམ་ བཟོ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཞལ་འཛོམས་ནང་ རྒྱལ་བརྒྱུད་ཀྱི་རིང་ལུགས་འདི་ གལ་ཅན་དང་ འགན་འཁྲི་ཅན་ དེ་ལས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་བཙན་ རྒྱལ་ཁབ་དང་ མི་སེར་གྱི་ ཕན་བདེ་ཡར་དྲག་གཏང་ནིའི་སྐོར་ལས་ གྲོས་བསྟུན་འབད་ཡི་ཟེར་ འཐུས་མི་གིས་ བཤདཔ་ཨིན་པས།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ གཞུང་གི་ལས་དོན་དང་ རྒྱུན་སྐྱོང་གི་མ་རྩ་ ཚད་གཅིག་ལས་བརྒལ་ མ་བཙུགས་མི་དང་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་གྱི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བསྟུན་གྲོས་འབད་ཡི་ཟེར་ཨིན་པས།
ཞལ་འཛོམས་དེ་ཡང་ མི་དབང་མངའ་དབང་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཕུལ་ཏེ་ འགོ་བཙུགས་ཡོདཔ་བཞིན་དུ་ རྩ་བ་གསུམ་ལུ་ དམ་ཚིག་གཙང་མའི་སྒོ་ལས་ ཕྱག་ཞུ་ནི་གི་ ཁས་བླངས་ཕུལ་ཐོག་ལས་ མཇུག་བསྡུ་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *