ལྡོག་ཕྱོགས་དང་ གཞུང་སྐྱོང་གིས་ རྩི་རང་གི་རྩོད་དོན་ གཙུག་སྡེ་ཁག་༢ ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ཞུ་བ།

༉ སྤྱི་ཟླ་༡ པའི་ཚེས་༤ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩི་རང་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ འབྲི་ཤོག་བགོ་བཀྲམ་འབད་དེ་ མི་རེ་ལས་ ཐོ་བཀོད་ཀྱི་འཐུས་ དངུལ་ཀྲམ་༣༠༠ རེ་ བསྡུ་ལེན་འབད་ཡོད་མིའི་ ཚུལ་མིན་ལག་ལེན་གྱི་ ཁ་ཉེས་ཡོད་མི་ལུ་ ཞིབ་དཔྱད་མཐིལ་ཕྱིན་རྐྱབ་དགོཔ་སྦེ་ ཞུ་ཡིག་བཙུགས་ནུག།
ཚུལ་མིན་དེ་ནང་ མི་སེར་དམངས་གཙོ་ཚོགས་པའི་ ལཱ་འབད་མི་ཚུ་ འབྲེལ་གཏོགས་ཡོད་པའི་ ཁ་ཉེས་ཡོད་མི་དེ་ཡང་ ཁོང་གིས་ རྩི་རང་འགྲམ་ཕུག་ཁྲོམ་ཁར་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ ཡིག་ཚང་ཨིནམ་བཟོ་སྟེ་ སྐྱི་འགྲུལ་ལེན་ནིའི་དོན་ལུ་ བྲིས་ཤོག་བཀང་སྟེ་ ཐོ་བཀོད་ཀྱི་ འཐུས་ལེན་ཐོག་ལས་ མགུ་སྐོར་རྐྱབ་ནུག་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སྤྱི་ཟླ་༡༢ པའི་ཚེས་༢༡ ལས་༢༧ ཚུན་ རྩི་རང་རྫོང་ཁག་གི་ རྒེད་འོག་༡༢ ནང་ ལྟ་སྐོར་འབད་བའི་སྐབས་ གནད་དོན་དེ་གི་སྐོར་ལས་ མི་སེར་ཚུ་གིས་ ཞུ་བ་འབད་ཡོདཔ་ཨིན་པས།
ན་ཧིང་ འགྲམ་ཕུག་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ ཡིག་ཚང་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ནང་ རྩི་རང་སྟོད་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ན་བིན་དར་ལ་མི་ཡང་ འབྲེལ་གཏོགས་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དེ་ དེ་ནང་ ངན་ལྷད་ཀྱི་ གནད་དོན་མེད་པའི་ཁར་ ག་ཉེས་ཕོག་མི་ ཚོགས་འདུའི་འཐུས་མི་ཡང་ འབྲེལ་གཏོགས་མིན་འདུག་ཟེར་ བཤོལ་བཞག་བཞག་ནུག།
རྒེད་འོག་༡༠ གྱི་ མི་སེར་ཚུ་གིས་ མིང་རྟགས་བཀོད་ཡོད་མི་ ཞུ་ཡིག་དེ་ནང་ སོ་ནམ་པ་༤༠༧ གྱིས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཐོ་བཀོད་འབད་བའི་ཤུལ་ལུ་ སྐྱིན་འགྲུལ་ཐོབ་མ་ཚུགསཔ་མ་ཚད་ འཐུས་སྤྲོད་ཚར་མི་ཚུ་ཡང་ ལོག་བྱིན་མ་བཏུབ་སྦེ་ བཀོད་ཡོདཔ་ཨིན་པས།
སྐྱིན་འགྲུལ་ཡིག་ཚང་དེ་ཡང་ ས་གནས་ཀྱི་ ཚོགས་པའི་འཐུས་མི་ཚུ་གིས་ འགྲམ་ཕུག་ཁྲོམ་ཁར་ཡོད་མི་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་ནང་ གཞི་བཙུགས་འབད་ནུག་ཟེར་ ཁ་ཉེས་བཀལ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྐྱིན་འགྲུལ་དེ་ མི་ངོ་རྐྱང་སྦེ་ ལེན་དགོ་ཟེར་མི་དེ་ ཤུལ་ལས་ ལམ་ལུགས་དུམ་གྲ་ཅིག་ བསྒྱུར་བཅོས་འབད་ནི་དེ་གིས་ སྡེ་ཚན་སྦེ་ བཙུགས་ཟེར་སླབ་མི་དེ་གིས་ མཉམ་ལས་ཚོགས་སྡེ་ གཞི་བཙུགས་འབད་ནི་ འགོ་བཙུགསཅི་ཟེར་ཨིན་པས།
ཡིག་ཚང་ནང་ལཱ་འབད་མི་ཚུ་གིས་ མི་སེར་ཚུ་ལུ་ སྐྱིན་འགྲུལ་གྱི་ འབྲི་ཤོག་བཀང་བཅུག་ཞིནམ་ལས་ དེ་གི་འཐུས་དངུལ་ཀྲམ་༣༠༠ དང་ སྐྱིན་འགྲུལ་འབོར་ཆེ་ཏོག་ཏོ་སྦེ་ ལེན་མི་ཚུ་ལུ་ འཐུས་དངུལ་ཀྲམ་༣,༠༠༠ དེ་རེ་ སྤྲོད་བཅུག་ཡོདཔ་སྦེ་ ཁ་ཉེས་བཀལ་ནུག།
སྐྱིན་འགྲུལ་གྱི་ འབྲི་ཤོག་བཙུགས་ཏེ་ ཟླཝ་༢ དེ་ཅིག་ལངམ་ད་ འགྲམ་ཕུག་ལུ་ ཡིག་ཚང་ནང་ཡོད་པའི་ མི་ཚུ་གིས་ ལཱ་འབད་དོ་ཟེར་ སླབ་ཡོད་རུང་ ཤུལ་ལས་ ཡིག་ཚང་སྒོ་བསྡམས་ནུག་ཟེར་ མི་ཚུ་གིས་ བཤད་ཡོདཔ་ད་ སོ་ནམ་པ་ མང་ཤོས་ཅིག་གིས་ ད་ལྟོའི་བར་ན་ཡང་ ཁོང་གི་ཏི་རུ་ ལོག་འཐོབ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
མ་གཞི་ ཡིག་ཚང་ནང་ ལཱ་འབད་མི་ཚུ་གིས་ སྐྱིན་འགྲུལ་དེ་ ཞུ་ཡིག་བཙུགས་པའི་ཤུལ་ལུ་ ཟླ་ངོ་༦ གི་ནང་འཁོད་ལུ་ ཐོབ་ཚུགས་ཟེར་ སླབ་ཡོད་རུང་ ད་ལྟོ་ཚུན་ཚོད་ མི་ཕུད་རྡོག་གཅིག་གིས་ཡང་ མ་ཐོབ་པས་ཟེར་ ཞུ་ཡིག་ནང་འཁོད་དེ་འདུག།
ལྡོག་ཕྱོགས་འགོ་ཁྲིདཔ་དེ་ ས་གནས་ནང་ ལྟ་སྐོར་འགྱོ་བའི་སྐབས་ མན་ཌལ་སྒང་དང་ ཕུན་རྟེན་ཆུ་རྒེད་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ དར་དཀར་ནང་རྫོང་ཁག་གི་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་ གོ་པཱལ་ བླ་མ་དང་ རྩི་རང་རྫོང་ཁག་གི་ འགོ་འདྲེན་པ་ རང་དཱོཇ་ སུ་བྷ་ དེ་ལས་ ཚོགས་པའི་དོན་ལུ་ ལཱ་འབད་མི་ ཟླ་བ་དར་ཇི་ཏ་མང་དང་ ཚེ་དབང་རིག་འཛིན་་ཚུ་གིས་ འགྲམ་ཕུག་གི་ ཡིག་ཚང་ནང་ ལཱ་འབད་དོ་ཡོདཔ་སྦེ་ ཡིག་ཐོག་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ གནད་དོན་དེ་གི་ཐད་ཁར་ ཁྲིམས་དོན་ཨིན་མེན་གྱི་ དྲི་བ་ཁག་༥ བཀོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ གནང་བ་དང་ ཆོག་ཐམ་ག་ཅི་ཡང་མེད་པའི་ ཚོང་འབྲེལ་གྱི་ཡིག་ཚང་འདི་བཟུམ་ ག་དེ་སྦེ་འཐབ་ཆོགཔ་ཨིན་ན་དང་ མི་སེར་ཚུ་ལུ་ སྐྱིན་འགྲུལ་ལེན་ནི་གི་འཐུས་ བསྡུ་ལེན་འབད་མི་ཚུ་ ཁྲིམས་ཀྱི་ཐོག་ལས་ ག་དེ་སྦེ་ ངོས་ལེན་འབད་ནི་ཨིན་ན་ཟེར་ཨིན་པས།
དེ་འབདཝ་ལས་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་ འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ གནད་དོན་དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དེ་ ངན་ལྷད་ཀྱི་ གནད་དོན་མིན་འདུག་ཟེར་ བཤོལ་བཞགཔ་ལས་ མཇུག་བསྡུ་ཡི་ཟེར་ མནོ་སྡོད་ཡོད་རུང་ འཕྲས་ཁམས་ཅིག་ཁར་ བརྡ་བརྒྱུད་ནང་ གནད་དོན་དེ་ ལོག་ཐོནམ་ད་ བློན་ཆེན་ཁོ་ར་ རྣམ་རྟོག་དང་ ཚ་གྱང་ལང་དགོཔ་ བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཁ་ཙ་ བློན་ཆེན་ཁོ་ར་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ གནད་དོན་འདི་གི་སྐོར་ལས་ ལོ་རྒྱུས་དྲི་ཡོདཔ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་པའི་ བཀའ་རྒྱ་གནང་ཡི་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *