ལྡོག་ཕྱོགས་ཀྱིས་ བློན་ཆེན་ལུ་ དམངས་ཀྱི་རྒྱུ་དངུལ་ ལོག་སྤྱོད་འབད་བའི་ ཁ་ཉེས་བཀལ་ཡོདཔ།

༉ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐིམ་ཕུག་རྟ་བབ་ལུ་ ཁོ་རའི་གཟིམ་ཅུང་ རྒྱ་སྐྱེད་འབད་ནིའི་དོན་ལུ་ དམངས་ཀྱི་རྒྱུ་དངུལ་ ལོག་སྤྱོད་འབད་ཡོད་པའི་ ཁ་ཉེས་ཡོད་མི་དེ་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ཚེས་༧ ལུ་ ཐིམ་ཕུག་སྦེ་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དམངས་ཀྱི་ཐོན་ཁུངས་ཚུ་ སྒེར་དོན་ལུ་ ལོག་སྤྱོད་འབད་མི་དེ་ ངན་ལྷད་ཚབས་ཆེན་གྲངས་སུ་ ཚུདཔ་ཨིན་ཟེར་བཤད་ཅི།
ལྡོག་ཕྱོགས་ཚོགས་པའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བློན་ཆེན་ཁོ་ར་གིས་ སླབ་དོ་བཟུམ་ ངན་ལྷད་བཀག་འཛིན་འབད་ནིའི་ནང་ སྤྱི་དོན་ལུ་ རྒྱབ་སྐྱོར་འབད་མི་ཨིན་པ་ཅིན་ ཁོ་རའི་སྐུ་སྒེར་གྱི་གཟིམ་ཅུང་ རྒྱ་སྐྱེད་དང་ ལེགས་བཅོས་འབད་ནིའི་དོན་ལུ་ གཞུང་དངུལ་དངུལ་ཀྲམ་ས་ཡ་༣ དེ་ཅིག་ ལག་ལེན་འཐབ་མི་དེ་ ག་ཅི་ཨིན་ན་ཟེར་ དྲི་བཀོད་འབད་ཡོདཔ་ད་ དེ་གི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཙག་འཐུ་ལས་གྲུབ་པའི་ སྤྱི་གཡོགཔ་མཐོ་ཤོས་ཀྱིས་ ངན་ལྷད་འཐབ་ཡོད་པའི་གྲངས་སུ་ རྩིས་འཇོག་ཐོག་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་ཕུལ་ནི་ཟེར་ ལྡོག་ཕྱོགས་ཀྱིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་ མིང་རྟགས་རྐྱབ་མི་ རྩིས་ཁྲ་དང་འཁྲིལཝ་ད་ རྟ་བབ་ལུ་ བློན་ཆེན་གྱི་ གཟིམ་ཅུང་ས་ཁོངས་ནང་ ཉེན་སྲུང་དང་འབྲེལ་བའི་ བཟོ་སྐྲུན་ཚུ་ནང་ དངུལ་ཀྲམ་ས་ཡ་༢.༩༥༩ ཟད་འགྲོ་བཏང་ཡོདཔ་ཨིན་པས།
མ་དངུལ་དེ་ཡང་ སྲུང་རྒྱབ་པའི་ཁྱིམ་དང་ ར་བ་རྐྱབ་ནི་ གློག་མེ་བཙུགས་ནི་ འཐུང་ཆུ་བཀྲམ་སྤེལ་ དེ་ལས་ གློགས་ཤུགས་སྒོ་ར་རྐྱབ་ནི་དང་ ཚོན་གཏང་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༢༢ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་ལས་གནང་མི་ བཀའ་རྒྱ་ཡི་གུ་དང་འཁྲིལ་ ལག་ལེན་འཐབ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
གཞུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཞབས་ཏོག་བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་ལུ་ དངུལ་འབྲེལ་མཐུན་རྐྱེན་ནང་ ཁེ་ཕན་ལྟག་སྤྲོད་ཀྱི་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་མི་ལུ་ རྒྱབ་འགལ་སྦེ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་ཞལ་འཛོམས་ འཚོགས་ཡོདཔ་ད་ མ་དངུལ་ལོག་སྤྱོད་འབད་བའི་ མངོན་རྟགས་མེད་པ་ཅིན་ ཁུ་སིམ་སུ་སྦེ་ བཞག་ནི་དང་ བདའ་ཟུན་ཞིནམ་ལས་ ལོག་ཚབ་བཙུགས་འབད་ནི་དེ་ ངན་ལྷད་ཀྱི་གྲངས་སུ་ མི་ཚུད་ནི་ཨིན་ན་ཟེར་ ལྡོག་ཕྱོགས་ཀྱིས་ དྲི་བཀོད་འབདཝ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འོགམ་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ ཁ་གསལ་གྱི་སྐོར་ལས་ རྩིས་ཞིབ་དབང་འཛིན་གྱིས་ བློན་ཆེན་ལུ་ཕུལ་མི་ རྩིས་རྙོགས་ལུ་ བལྟ་བ་ཅིན་ ཤེས་རྟོགས་འབྱུང་ཚུགས་ཟེར་ཨིནམ་ད་ བློན་ཆེན་གྱིས་ རྩིས་རྙོགས་བཏོནམ་ཅིག་ གཞུང་ལུ་ ཏི་རུ་ལོག་བཙུགས་ནུག་ཟེར་ཨིན་པས།
གཞུང་གིས་ གནད་དོན་ཁག་མང་རབས་ཅིག་ནང་ ཁྲིམས་འགལ་གྱི་ ལཱ་འབད་ཡོད་རུང་ རྒྱལ་ཁབ་ནང་ ཞི་བདེ་དང་ དགའ་སྐྱིད་བཞག་ཐབས་ལུ་དམིགས་ཏེ་ བཟོད་པ་སྒོམ་སྡོད་ཡོད་རུང་ ཚོགས་པའི་བློན་པོ་བགྲེསཔ་ལུ་ དོན་མེད་ཉེས་འཛུགས་བཀོད་པའི་ཤུལ་ལས་ ལྡོག་ཕྱོགས་ཚོགས་པ་ལུ་ བྱ་ཐབས་མེད་པར་ གཞུང་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ གདམ་ཁ་རྐྱབ་དགོཔ་ ཐལ་སོ་ཡི་ཟེར་ ཚོགས་པའི་གཙོ་འཛིན་འོགམ་གིས་ བཤདཔ་ཨིན་པས།
གཞུང་སྐྱོང་ལུ་ ལྕོགས་གྲུབ་མེད་པའི་སྐོར་ལས་ གནད་དོན་ཁག་དག་པ་ཅིག་གི་ཐོག་ལུ་ ཁ་བཏང་མིའི་གྲས་ལས་ རྩི་རང་ལུ་ ཚོགསཔའི་འདེམས་ངོ་དང་འབྲེལ་བའི་ ཉོགས་བཤད་སྐོར་ མི་སེར་གྱིས་ བློན་ཆེན་དང་ སོ་ནམ་བློན་པོ་༢ ལུ་ སྙན་ཞུ་འབད་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་མེན་པར་ བློན་ཆེན་གྱི་འོག་ལུ་ཨིན་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་རྐྱབ་བཅུག་མི་དེ་ ཁོ་ར་ ངན་ལྷད་རྩ་མེད་གཏང་ནིའི་ དང་འདོད་མེད་པའི་ རྟགས་མཚན་ཨིན་མས་ཟེར་ ལྡོག་ཕྱོགས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *