ལྟ་བཤལ་ལས་སྡེ་ཅིག་གི་ཆོག་ཐམ་ གནས་སྐབས་ཅིག་ བཀག་ཆ་འབད་ཡོདཔ།

༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འདས་པའི་ཟླཝ་ནང་ ལྟ་བཤལ་ལས་སྡེ་ཅིག་གིས་ ཚུལ་མིན་ཐོག་ལས་ ལྟ་བཤལཔ་ཚུ་ལུ་ གོང་ཚད་མར་ཕབ་འབད་མིའི་ཐད་ཁར་ གནས་སྐབས་ཅིག་ ལྟ་བཤལ་ཆོག་ཐམ་ བཀག་ཆ་འབད་ཡོདཔ་ཨིན་རུང་ ཚོགས་སྡེ་གིས་ གནད་དོན་དེ་གི་སྐོར་ལས་ ཁ་གསལ་སླབ་མ་བཏུབ་ལས་ ལྟ་བཤལ་ལས་སྡེ་མང་ཤོས་ཅིག་ དོགས་སྣང་ཆགས་ཡོདཔ་ཨིན་པས།
ཨ་མེན་བྷུ་ཊཱན་ཟེར་མི་ ལྟ་བཤལ་ལས་སྡེ་དེ་ སྤྱི་ཟླ་༡༡ པའི་ཚེས་༡ ལས་འགོ་བཙུགས་ཏེ་ ཟླ་ངོ་༡༢ ཀྱི་རིང་ བཀག་ཆ་འབད་ཡོདཔ་ཨིན་རུང་ བརྡ་བརྒྱུདཔ་ཚུ་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ གནད་དོན་དེ་གི་སྐོར་ལས་ དྲི་བ་འགྱོ་བའི་སྐབས་ བཀག་ཆ་མ་འབད་ཟེར་ སླབ་མ་ཚད་ འབྲུག་ལྟ་བཤལ་ཚོགས་པའི་ ལས་བྱེདཔ་ཚུ་གིས་ཡང་ བཀག་ཆ་འབད་འབདཝ་མེད་ཟེར་ སླབ་ནུག།
དེ་གི་ཤུལ་ལས་ འབྲུག་པའི་ལྟ་བཤལ་ལས་སྡེའི་ མི་ཅིག་གིས་ མི་སྡེ་བརྡ་བརྒྱུད་ཕེསི་བུག་ནང་ ཨ་མེན་བྷུ་ཊཱན་ཟེར་མི་ ལྟ་བཤལ་ལས་སྡེ་དེ་གིས་ ཚུལ་མིན་ཐོག་ལས་ ལྟ་བཤལ་གྱི་ སྤྱོད་འཐུས་མར་ཕབ་ཐོག་ལས་ རྒྱ་གར་དང་ ནེ་པཱལ་ ཕྱིའི་རྒྱལ་ཁབ་ཚུ་ནང་བཏང་སྟེ་ གནས་སྐབས་ཅིག་ བཀག་ཆ་འབད་ཡོད་རུང་ དེ་གི་སྐོར་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ག་ཅི་སྦེ་ མ་སླབ་ཨིན་ན་ཟེར་ བྲིས་ཏེ་འདུག།
མིང་མ་བཏོན་པར་ བརྡ་དོན་བྱིན་མི་ ལྟ་བཤལ་གྱི་ ཇོ་བདག་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ལྟ་བཤལཔ་ཚུ་ལུ་ ཉིནམ་རེ་ལུ་ སྤྱོད་འཐུས་ཡུ་ཨེསི་ཌོ་ལར་༢༤༠ དང་༢༢༥ བར་ན་སྦེ་ བྱིན་དོ་ཡོདཔ་ཨིན་རུང་ ཨ་མེན་བྷུ་ཊཱན་གྱིས་ ལྟ་བཤལཔ་རེ་ལུ་ ཉིནམ་༣ ལུ་ སྤྱོད་འཐུས་ཡུ་ཨེསི་ཌོ་ལར་༡༡༡ ལས་ མི་སླབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལ་པའི་ དུས་ཚོད་ཨིན་པའི་སྐབས་ ཉིནམ་རེ་ལུ་ སྤྱོད་འཐུས་ཡུ་ཨེསི་ཌོ་ལར་༢༥༠ དང་ ལྟ་བཤལ་པའི་ དུས་ཚོད་མེན་པའི་སྐབས་ ཉིནམ་རེ་ལུ་སྤྱོད་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ རེ་ སླབ་ས་ལས་ བརྒྱ་ཆ་༡༠ ལས་ཚབ་ལུ་ སྤྲོད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་ཚུ་ལས་ལེན་མི་ སྤྱོད་འཐུས་ཚུ་ ནང་སྐྱོད་ཆོག་ཐམ་ལེན་ནིའི་དོན་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གི་ རྩིས་ཁྲ་ནང་ གཏང་དགོཔ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཚ་གྱང་ཡོད་པ་ཅིན་ ཁོང་གིས་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་སྦེ་ བྱིན་མི་ཚུ་ བཀག་ཆ་འབད་ཚུགས་ཟེར་ཨིན་པས།
གཞན་མི་ ལྟ་བཤལ་ལས་སྡེ་ཅིག་གིས་ བཤད་མིའི་ནང་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་འབད་དེ་ བྱིན་མི་དེ་ ད་ལྟོ་འགོ་དང་པ་མེནམ་ལས་ ཚུལ་མིན་གྱི་ཚོང་འབྲལ་འཐབ་མི་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ངོས་ལེན་སྒྲིང་སྒྲི་མ་འབད་བའི་ རྟགས་མཚན་ཨིནམ་སྦེ་བཤད་ཅི།
ཚུལ་མིན་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་བཀལ་ཚུགས་པ་ཅིན་ མ་འོངས་པ་ལུ་ དེ་བཟུམ་འབད་ནི་ལས་ བཀག་ཚུགས་ཟེར་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ཅིག་གིས་འབད་བ་ཅིན་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་འབད་དེ་ བྱིན་མི་དེ་གིས་ ལྟ་བཤལ་པའི་སྲིད་བྱུས་ ཁེ་ཕན་མང་སུ་དང་ གནོད་པ་ཉུང་སུ་ཟེར་མི་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ད་ལྟོ་ གཞུང་གིས་ ཁེ་ཕན་མང་སུ་དང་ གནོད་པ་ཉུང་སུ་ཟེར་མི་ སྲིད་བྱུས་བརྩམས་དགོ་མི་དེ་ཡང་ ལྟ་བཤལ་ཉུང་སུ་ཅིག་ལས་བརྒལ་མ་འོང་རུང་ དེ་གིས་ རྒྱལ་ཁབ་ལུ་ གནོད་པ་བ་ ཕན་པ་རྒྱ་ཆེཝ་སྦེ་ འོང་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཚུལ་མིན་ཐོག་ལས་ གོང་ཚད་ཉུང་སུ་བྱིན་མི་ ལྟ་བཤལ་ལས་སྡེ་ཚུ་གིས་ ཞབས་ཏོག་ཚུ་ཡང་ སྐྱོ་དྲགས་སྦེ་ བྱིན་པའི་ཤུལ་ལུ་ དེ་གིས་ ལྟ་བཤལ་གྱི་ ཚོང་འབྲེལ་ག་ར་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
དེ་བཟུམ་འབད་མི་ ལྟ་བཤལ་ལས་སྡེ་ཚུ་གིས་ རྩིས་ཐོ་ཡིག་ཅུང་ཚུ་ཡང་ རྫུས་མ་བཟོ་སྟེ་ ཁྲལ་བཏབ་ནི་ལུ་ཡང་ གནོདཔ་མས་ཟེར་ཨིན་པས།
ལྟ་བཤལ་ལས་སྡེ་ཅིག་གིས་འབད་བ་ཅིན་ ལས་སྡེ་ཅིག་གིས་ ལྟ་བཤལཔ་༤༠༠ ལས་༥༠༠ འི་བར་ན་ འཁྱིད་འོང་པ་ཅིན་ ཁྲལ་དངུལ་ཀྲམ་༦༠༠,༠༠༠ སྤྲོད་དགོཔ་ཨིན་རུང་ ལྟ་བཤལ་པ་༡,༠༠༠ ལྷགཔ་སྦེ་ ཁྱིད་འོང་མི་ཚུ་གིས་ ཁྲལ་ཉུང་སུ་ལས་ སྤྲོད་མ་དགོཔ་སྦེ་ཨིན་པས།
ད་རུང་ ལྟ་བཤལ་ལས་སྡེའི་ ཇོ་བདག་ཨམ་སྲུ་ཅིག་གིས་འབད་བ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གཞུང་གིས་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་བྱིན་མི་ཚུ་ལུ་ དང་ལེན་མ་འབད་བ་ཅིན་ ལྟ་བཤལ་ལས་སྡེ་ཚུ་གིས་ དེ་བཟུམ་འབད་བའི་ ལང་ཤོར་ཡོད་ནི་དེ་གིས་ ཚུལ་མིན་ཐོག་ལས་ འབད་ནི་དེ་ ཁྱབ་ཆེ་དྲགས་སྦེ་ འགྱོ་འོང་ཟེར་ཨིན་པས།
ད་རུང་ མོ་གིས་ དཔེ་སྦེ་བཤད་མིའི་ནང་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་བྱིན་ཏེ་ བཀག་ཆ་འབད་བའི་ཤུལ་ལུ་ ཨམ་སྲུ་གི་མིང་ཐོག་ཁར་ ཆོག་ཐམ་གསརཔ་ལེན་ཏེ་ འབད་མི་ཡང་ཡོདཔ་ལས་ ཨ་མེན་བྷུ་ཏཱན་གྱིས་ཡང་ སྤུན་ཆའི་མིང་ཐོག་ཁར་ དེ་སྦེ་ཆོག་ཐམ་བཏོགས་ཏེ་ ལོག་ལག་ལེན་འཐབ་པ་ཅིན་ ཧ་ལས་དགོཔ་མིན་འདུག་ཟེར་ཨིན་པས།
མོ་གིས་ དེ་སྦེ་སླབ་པའི་སྐབས་ ལྟ་བཤལ་ལས་སྡེ་ཅིག་ལུ་ ཁ་བཏང་དགོཔ་མེད་མི་དེ་ཡང་ ལྟ་བཤལ་ལས་སྡེ་ མང་ཤོས་ཅིག་གིས་ ཚུལ་མིན་ཐོག་ལས་ གོང་ཚད་མར་མབ་ རྐྱབ་བྱིན་པའི་ལམ་ལུགས་ཡོད་རུང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ལེགས་ཤོམ་ལྟ་རྟོག་འབད་ནི་ མིན་འདུག་ཟེར་ཨིན་པས།
ལྟ་བཤལ་ལས་སྡེ་ཚུ་གིས་འབད་བ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གཞུང་གིས་ ཚུལ་མིན་ཐོག་ལས་ གོང་ཚད་མར་ཕབ་བྱིན་ཏེ་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཉེས་བྱ་སྦོམ་དང་ ཉེས་ལས་ཨིནམ་སྦེ་ ཁྲིམས་ཁང་ནང་ མ་བཀལ་བ་ཅིན་ དེ་བཟུམ་མའི་ བྱ་ངན་ཚུ་ བཀག་ཆ་འབད་མི་ཚུགས་འོང་ཟེར་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་འབད་བ་ཅིན་ ཁོང་གིས་ ཨ་མེན་བྷུ་ཏཱན་ཟེར་མི་ ལྟ་བཤལ་ལས་སྡེ་དེ་ ལམ་ལུགས་དང་འཁྲིལ་ཏེ་ གནས་སྐབས་ཅིག་ བཀག་ཆ་འབད་འབདཝ་ཨིན་ཟེར་མ་གཏོགས་ བརྡ་དོན་གཞན་ག་ཅི་ཡང་ བྱིན་མ་བཏུབ།
འབྲུག་ལྟ་བཤལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་ གནས་སྐབས་ཅིག་ ཆོག་ཐམ་བཀག་ཆ་འབད་ཡོད་པའི་སྐོར་ལས་ གོ་ཡོདཔ་ཨིན་རུང་ གཞུང་འབྲེལ་ཐོག་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གཅིག་ཁར་ ག་ཅི་ཡང་ མ་སླབ་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་དང་ འབྲུག་ལྟ་བཤལ་ཚོགས་པ་གཉིས་ཀྱི་བར་ན་ དེ་བཟུམ་མའི་ གནད་དོན་ཐོན་པའི་སྐབས་ གནས་ཚུལ་བརྗེ་སོར་འབད་མ་དགོཔ་ཨིན་ན་ཟེར་ དྲི་བ་བཀོད་པའི་སྐབས་ ཁོ་གིས་འབད་བ་ཅིན་ གནས་ཚུལ་དེ་ བརྗེ་སོར་འབད་དགོཔ་ཨིན་ཟེར་ སླབ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ཁྲི་འཛིན་ རིག་འཛིན་དབང་གྲགས་དབང་ཕྱུག་གིས་འབད་བ་ཅིན་ ཁོ་གིས་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལུ་ ཚུལ་མིན་ཐོག་ལས་ སྤྱོད་འཐུས་མར་ཕབ་འབད་དེ་ བྱིན་མིའི་ཐད་ཁར་ ག་ཅི་ཡང་ མི་སླབ་ནི་སྦེ་ ཐག་བཅད་ཅི་ཟེར་ བཤདཔ་ཨིན་པས།
ཨ་མེན་བྷུ་ཊཱན་གྱི་ ཇོ་བདག་གིས་ ཁོ་ར་ རྒྱ་ནག་ལས་ འོང་དོ་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ ག་ཅི་ཡང་ སླབ་ནི་མེད་ཟེར་ སླབ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *