ལྟ་བཤལ་ལས་སྡེ་གིས་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་ བསྟར་སྤྱོད་འབད་ནི།

༉ སང་ཕོད་སྤྱི་ཟླ་༧ པ་དེ་ཅིག་ཁར་ རྒྱལ་ཡོངས་ཀྱི་ལྟ་བཤལ་སྲིད་བྱུས་ གྲ་སྒྲིག་འགྱོ་ནི་ཨིནམ་ལས་ བསྟར་སྤྱོད་འབད་ཚུགས་པའི་ རེ་བ་འདུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༨ ལུ་ འབྲུག་ལྟ་བཤལ་ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་གཅིག་ཁར་ ལོ་བསྟར་གྲུབ་འབྲས་བརྟག་ཞིབ་སྙན་ཞུ་ལུ་ མཚན་རྟགས་བཀོད་པའི་སྐབས་ལུ་ བཤད་ཅི།
ཁོ་གིས་སླབ་མིའི་ནང་ སྲིད་བྱུས་ཟིན་བྲིས་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ལས་ གྲ་སྒྲིག་འབད་ཚར་འོང་ཟེར་ཨིནམ་ད་ སྲིད་བྱུས་ཟིན་བྲིས་དེ་ ད་རེས་ཟླཝ་གི་ཚེས་༢༡ ལུ་ ལྟ་བཤལ་ཚོགས་སྡེ་གི་ ཞལ་འཛོམས་ཐེངས་༢ པའི་ནང་ བཙུགས་ནི་ཨིན་པས།
རྡོ་རྗེ་དགྲ་འདུལ་གྱིས་ བཤད་མིའི་ནང་ ཚོགས་སྡེ་གིས་ སྲིད་བྱུས་ཟིན་བྲིས་དེ་ མཐའ་བཅད་བཟོ་ཚུགས་ཏེ་ ཆ་འཇོག་འབད་དེ་ ད་རེས་ཀྱི་རྩིས་ལོ་ནང་ར་ བསྟར་སྤྱོད་འབད་ཚུགས་པའི་ དམིགས་གཏད་ཡོད་ཟེར་ཨིན་པས།
ལོ་བསྟར་གྲུབ་འབྲས་བརྟག་ཞིབ་ཀྱི་ནང་ལས་ སྲིད་བྱུས་ཟིན་བྲིས་དེ་ གཙོ་རིམ་དང་པ་ཨིན་ཟེར་ ཁོ་གིས་བཤད་པའི་ཁར་ དུས་ཚོད་དེ་ནང་ར་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ལོ་ངོ་༥༠ འི་ཧེ་མ་ལས་ ལྟ་བཤལ་དོན་ལུ་ སྲིད་བྱུས་རྒྱབ་རྟེན་དེ་ གྱངས་ཁ་ཉུ་སུ་སྦེ་ལེན་ནི་དེ་ལུ་ གཞི་བཞག་སྟེ་བཟོ་ཡོད་མི་དེ་ འཕྲོ་མཐུད་དེ་ར་ རྒྱབ་རྟེན་སྦེ་བཞག་སྟེ་ ད་ལས་ཕར་ ལོ་ངོ་༡༠ དང་༢༠ གི་དོན་ལུ་ སྲིད་བྱུས་ཚུ་ རྒྱསཔ་སྦེ་ བཟོ་ནི་ཟེར་ཨིན་པས།
གན་ཡིག་ནང་ ལུང་ཕྱོགས་ཁྱབ་སྤེལ་འབད་ནི་དང་ ལྟ་བཤལ་འོང་ནིའི་དུས་ཚོད་ ཡར་སེང་འབད་ནི་གཉིས་ལུ་ གཙོ་རིམ་བྱིན་ནི་ཨིནམ་ལས་ དེ་གཉིས་ ཟླཝ་༡༢ ག་རའི་ནང་ ཡོདཔ་བཟོ་ནི་ཟེར་ ཨིན་པས།
རྡོ་རྗེ་དགྲ་འདུལ་གྱིས་ བཤད་མིའི་ནང་ ད་རེས་ཀྱི་གནས་སྟངས་ནང་ རྫོང་ཁག་༥ ནང་རྐྱངམ་གཅིག་ ལྟ་བཤལཔ་ཚུ་འོང་དོ་ཡོད་མི་དེ་ རྫོང་ཁག་ག་རའི་ནང་ འོང་ཚུགསཔ་བཟོ་ནིའི་ དམིགས་པ་ཡོད་ཟེར་ཨིན་པས།
ལྟ་བཤལཔ་འོང་ནི་མེད་པའི་ ས་གནས་ཚུ་ནང་ཡང་ ལྟ་བཤལ་དང་འབྲེལ་བའི་ ལས་རིམ་ཚུ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ དུས་ཅི་ལོའི་དོན་ལུ་ རྫོང་ཁག་ལ་ལོ་ནང་ དུས་སྟོན་ཚུ་འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་ལས་ ལྟ་བཤལཔ་ཉུང་སུ་ལས་མ་འགྱོ་མི་ བཀྲིས་གཡང་རྩེ་རྫོང་ཁག་དོན་ལུ་ བཟོ་རིག་བཅུ་སུམ་གྱི་དུས་སྟོན་དང་ གཞལམ་སྒང་ལུ་འབད་བ་ཅིན་ བྱ་གི་དུས་སྟོན་ཚུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
གཞན་ཡང་ གཡུས་ཚན་ཚུ་ནང་ལས་ཕར་ ལྟ་བཤལཔ་ཚུ་སྡོད་ནིའི་དོན་ལུ་ ཁྱིམ་ནང་སྡོད་གནས་བཟོ་ནི་དང་ ཁོ་གིས་སླབ་མིའི་ནང་ ད་རེས་འབད་བ་ཅིན་ རྫོང་ཁག་༥ ནང་མ་གཏོགས་ གཞན་རྫོང་ཁག་ཚུ་ནང་ ལྟ་བཤལཔ་གི་དོན་ལུ་ གུར་ནང་སྡོད་ན་མ་གཏོགས་ མཐུན་རྐྱེན་ཚུ་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྟ་བཤལ་ཉུང་སུ་འོང་མི་ རྫོང་ཁག་ཚུ་ནང་ ལྟ་བཤལཔ་ཚུ་གིས་ ཁྱིམ་ནང་སྡོད་གནས་ཚུགས་ནིའི་དོན་ལུ་ ཁྱིམ་༣༠ དང་༤༠ དེ་ཅིག་ལུ་ རྒྱབ་སྐྱོར་འབད་ནི་ཨི་ནཔས།
དམིགས་དོན་གཞན་ཚུའི་གྲས་ལས་ འབྲུག་དེ་ ལྟ་བཤལཔ་ཚུ་འོང་སའི་ གདམ་ཁ་དང་པ་བཟོ་ནི་དེ་ཨིནམ་ད་ དེ་ཡང་ ལྟ་བཤལཔ་ཚུ་གིས་ཐོབ་མི་ ཞབས་ཏོག་ཚུ་ག་ར་ ལེགས་ཤོམ་འོང་དགོ་ཟེར་ ཁོ་གིས་བཤད་ཅི།
ལྟ་བཤལ་ལས་སྡེ་གི་ རྒྱལ་ཁབ་ལས་ ལོག་འགྱོ་མི་ ལྟ་བཤལ་གྱི་གནས་སྡུད་དང་འཁྲིལཝ་ད་ ལྟ་བཤལཔ་ཚུ་གིས་ བསམ་པ་རྫོགས་ཚད་ཀྱི་གནས་ཚད་དེ་ བརྒྱ་ཆ་༨༠ དང་༩༠ འི་བར་ན་ཡོདཔ་ལས་ དེ་ཡང་ ཡར་སེང་འབད་དེ་ བརྒྱ་ཆ་༡༠༠ བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཚུ་ག་ར་ ཞབས་ཏོག་དང་མཐུན་རྐྱེན་ཚུ་ ཡར་སེང་འབད་ཐོག་ལས་ བཟོ་ཚུགས་ཟེར་ཨིནམ་ད་ དེ་ཡང་ གཞུང་ལམ་ཚུ་བདའ་སྟེ་ ལྟ་བཤལ་གྱི་མཐུན་རྐྱེན་དང་ ཞབས་ཏོག་༡༨ དེ་ཅིག་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ མཐུན་རྐྱེན་དེ་ཚུ་ བཙུགས་ནིའི་དོན་ལུ་ ས་ཁོངས་ཚུ་ གདམ་ཁ་རྐྱབ་ནི་ཨིནམ་ད་ ལམ་བདའ་ཡོད་མི་ གསང་སྤྱོད་ཀྱི་ མཐུན་རྐྱེན་བཙུགས་ས་ལུ་ ཚོང་ཁང་ཆུང་ཀུ་རེ་དང་ གློག་ཤུགས་སྣུམ་འཁོར་གྱི་དོན་ལུ་ གློག་ཤུགས་བསྐྱར་གསོ་འབད་ས་ཚུ་ བཙུགས་ནི་ཨིན་པས།
ད་རེས་ཀྱི་ འཆར་གཞི་ནང་ ལྟ་བཤལ་ལས་ཐོབ་མི་ འོང་འབབ་ཀྱི་ཁེ་ཕན་དེ་ཡང་ ག་ར་ལུ་ ལྷོད་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་ད་ གན་ཡིག་མཚན་རྟགས་བཀོད་མི་དང་འབྲེལ་ བློན་ཆེན་གྱིས་ གན་ཡིག་དེ་གིས་ ལཱ་འགོ་བཙུགས་པའི་ རྟགས་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་ གཙོ་རིམ་དེ་ ཟ་ཁང་དང་ ལྟ་བཤལཔ་ཚུ་གིས་ སྣུམ་འཁོར་གནས་ཚད་ག་བཟུམ་ནང་ འགྱོ་དགོཔ་ཨིན་ན་དང་ ལམ་སྟོན་པ་ཚུ་ལུ་ འཐུས་སྤྲོད་ནིའི་ཚད་གཞི་ཚུ་ འོང་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་ ལྟ་བཤལ་ལས་སྡེ་གིས་ ལོ་མཇུག་བསྡུཝ་ད་ ལྟ་བཤལཔ་འོང་མིའི་ གྱངས་ཁ་རྐྱངམ་གཅིག་ལུ་ གཙོ་རིམ་མ་བཟུང་བར་ ལྟ་བཤལ་པའི་སྤུས་ཚད་ལུ་ཡང་ བལྟ་དགོ་ཟེར་གསུངས་ཡོདཔ་ད་ རྩིས་ལོ་དེའི་དོན་ལུ་ ལྟ་བཤལ་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༢༠༠ བཞག་ཡོདཔ་ཨིན་པའི་གནས་ཚུལ།

 

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *