ལྟ་བཤལ་ཞབས་ཏོག་བྱིན་མི་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ འབྲུག་ལྟ་བཤལ་ལས་ཁུངས་ཀྱིས་ ལྟ་བཤལ་གྱི་ ཞབས་ཏོག་བྱིན་མི་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ་སྦེ་ ལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ འབད་ཡོདཔ་ཨིན་པས།

དེ་ཡང་ ལྟ་བཤལ་གཞི་སྒྱུར་རིམ་ལུགས་དང་འཁྲིལ་བ་ཅིན་ ལྟ་བཤལ་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ ངེས་པར་དུ་ ལྟ་བཤལ་ལས་ཁུངས་ཀྱི་ འབད་ཆོག་དང་ མ་ཆོགཔ་ལུ་ ཚུལ་མཐུན་གནས་དགོཔ་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ ལྟ་བཤལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༢ ཟླ་༩ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་ཆོགཔ་སྦེ་ སྒོ་ཕྱེ་ནིའི་དོན་ལུ་ ལྟ་བཤལ་ཞབས་ཏོག་བྱིན་མི་ཚུ་ གྲ་སྒྲིག་ཚུད་མ་ཚུད་ཀྱི་ ཞིབ་རྟོག་འབྱུང་ཐབས་ལུ་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གནད་དོན་དང་འཁྲིལ་ཏེ་ ལྟ་བཤལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ ལྟ་བཤལ་ཟ་ཁང་དང་ སྡོད་ཁྱིམ་ཚུ་ནང་ ཆ་གནས་ཡོད་མེད་ཀྱི་ ཞིབ་འཚོལ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༡༡ པ་ཚུན་ ཟ་ཁང་༡༧༤ དང་ སྡོད་ཁྱིམ་༡༠༥ ཚུ་ནང་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་བྱིན་ནིའི་དོན་ལས་ འོས་མཐུན་དང་ གྲ་སྒྲིག་ཚུད་ཡོདཔ་སྦེ་ ལྟ་བཤལ་ལས་ཁུངས་ཀྱིས་ ཆ་འཇོག་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལྟ་བཤལ་ལས་ཁུངས་ཀྱིས་ ཅ་དམ་དང་ འོང་འབབ་ལས་ཁུངས་དང་ འབྲུག་སོ་ནམ་དང་ ཟ་སྤྱོད་ཁྲིམས་དོན་དབང་འཛིན་ དེ་ལས་ ལུང་ཕྱོགས་བསྟན་རྒྱས་ཡིག་ཚང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ག་ཐོབ་སྦེ་ ཕུན་ཚོགས་གླིང་དང་ སྤ་རོ་ ཐིམ་ཕུག་རྫོང་ཁག་ཚུ་ནང་ སྤྱི་ཟླ་༡༠ པའི་ཚེས་༢༥ ལས་ སྤྱི་ཟླ་༡༡ པའི་ཚེས་༤ ཚུན་ ཞིབ་དཔྱད་འགོ་འདྲེན་འཐབ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

བརྟག་ཞིབ་འགོ་འདྲེན་འཐབ་པའི་སྐབས་ ལས་ཁུངས་ཀྱིས་ ཆ་གནས་མེད་པའི་ ཟ་ཁང་༩ གིས་ ལྟ་བཤལ་གཞི་སྒྱུར་རིམ་ལུགས་གསརཔ་དང་མ་འཁྲིལ་བར་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་བྱིན་ཡོདཔ་བཞིན་དུ་ ལྟ་བཤལ་ལས་སྡེ་༡༥ གིས་ དེ་བཟུམ་གྱི་ སྡོད་གནས་ཞབས་ཏོག་ཚུ་ སྤྱོད་ནུག་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ས་གནས་གཞན་ཚུ་ནང་ཡང་ དེ་བཟུམ་གྱི་ ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ ལྟ་བཤལ་ལས་ཁུངས་ཀྱིས་ སྙན་ཞུ་འབད་མིའི་ནང་ ལྟ་བཤལ་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་དེ་ ལྟ་བཤལ་གཞི་སྒྱུར་གྱི་ བྱ་སྒོའི་ལམ་ལུགས་ལུ་གནས་ཞིནམ་ལས་ ཉེས་བྱ་བཏབ་ནི་ལས་ འཛེམ་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *