ལྟ་བཤལ་གྱི་ སྲིད་བྱུས་དང་ལམ་ལུགས་ ལེགས་བཅོས་འབད་དགོ་པའི་དྲན་གསལ།

༉ འདས་པའི་ལོ་ངོ་དག་པ་ཅིག་ལས་ འབྲུག་རྒྱལ་ཁབ་ནང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་གྱངས་ཁ་མ་ཆོདཔ་སྦེ་ འོང་མི་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ དམ་འཛིན་འབད་དགོ་པའི་སྐོར་ སྤྱི་ཚོགས་དང་ གནས་རིམ་སོ་སོའི་ནང་ གྲོས་བསྡུར་འབད་དང་འབད་བཞིན་དུ་ཡོདཔ་ཨིན།

དེ་སྦེ་ གྲོས་བསྡུར་འབད་མི་དེ་ཡང་ འབྲུག་གིས་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་གི་གྲས་ལས་ དམིགས་བསལ་དུ་ རྒྱ་གར་གྱི་མི་ཚུ་ ཚད་འཛིན་མེད་པར་ འོང་བཅུག་པ་ཅིན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ མཐའ་འཁོར་གནས་སྟངས་ཚུ་ལུ་ ཐོ་ཕོག་ཉེན་ཡོད་མི་ལུ་བརྟེན་ཨིན་མས།

འདི་བཟུམ་མའི་ ཚ་གྱང་ཚུ་གི་སྐོར་ རྩོད་འགྲན་འབད་བའི་ ནམ་དུས་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ རྒྱ་གར་གྱི་ ལྟ་བཤལཔ་ཅིག་གིས་ ཐིམ་ཕུག་རྡོ་སྐྱོང་ལ་ལུ་ འབྲུག་དབང་རྒྱལ་གྱི་ མཆོད་རྟེན་གུ་འཛེགས་ཏེ་ པར་བཏབ་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་སོང་ཞིནམ་ལས་ཚུར་ ཡོངས་འབྲེལ་ལག་ལེན་འཐབ་མི་ཚུ་ ཁོང་ཁྲོ་ལང་སྟེ་ བསམ་འཆར་འདྲ་མ་འདྲཝ་ལེ་ཤ་བཀོད་ནུག།

ལ་ལོ་གིས་འབད་བ་ཅིན་ མཆོད་རྟེན་གུ་འཛུགས་ཏེ་ བྱིན་རླབས་ཉམས་བཅུག་མི་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ཞིནམ་ལས་ རྒྱལ་ཁབ་ཀྱི་ སྐུ་གསུང་ཐུགས་རྟེན་ལུ་ ཐོ་བཀལ་བའི་ ཉེས་འཛུགས་འབད་དེ་ ཁྲིམས་བཤེར་འབད་དགོ་ཟེར་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ མཆོད་རྟེན་གྱི་ བྱིན་རླབས་ཉམས་བཅུག་མི་ རྒྱ་གར་གྱི་མི་དེ་ ཁ་ཙ་ འབོ་བཀུག་ཐོག་ དྲི་དཔྱད་འབད་ཡོད་རུང་ མི་དེ་ལུ་ འཛོལ་བ་མེད་པའི་ མངོན་གསལ་བྱུངམ་ལས་ འགན་འཁྲི་བཀལ་ཐབས་མ་བྱུང་པས།

དེ་ཡང་ ས་ཁོངས་དེ་ནང་ ད་ལྟོ་ མཆོད་རྟེན་ཚུ་ ཉམས་གསོ་ཞུ་བའི་བསྒང་ཨིནམ་ལས་ ལྟ་བཤལཔ་དེ་གིས་ མི་གཞན་ཅིག་ མཆོད་རྟེན་གུ་འཛེགས་ཏེ་ ཉམས་གསོ་ཞུ་སར་མཐོང་པའི་ཤུལ་ལས་ ཁོ་ཡང་ མཆོད་རྟེན་གུ་འཛེགས་པ་ཅིན་ ཁྱད་མི་འོང་ནི་མས་མནོ་སྟེ་ ཨེ་ཁུ་བཀལ་བཞག་མི་དེ་ ལག་ལེན་འཐབ་ཐོག་ལས་ མཆོད་རྟེན་གུ་འཛེགས་ནུག།

སྟབས་ངན་དེ་ དངམ་གཅིག་ལུ་ ནང་པའི་མཆོད་རྟེན་གུ་ འཛེགས་ནི་དེ་ མི་བཏུབ་ནི་ཨིནམ་ ལྟ་བཤལཔ་ལུ་ ཤེས་རྟོགས་མེད་པའི་ཁར་ གཉིས་པ་འབདཝ་ད་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལཔ་ཚུ་ལུ་ ཆོག་མི་ཆོག་གི་ གོ་བརྡ་སྤྲོད་སྤྲོདཔ་མེད་པའི་ཁར་ བརྡ་བྱང་ཚུ་ མ་བཞག་ནི་དེ་གིས་ བྱུང་ཡོདཔ་ལས་ རྩ་ཕན་གཉིས་ཆ་ར་ལུ་ འཛོལ་བ་ཡོད་པའི་ མངོན་གསལ་བྱུང་ནུག།

འཕྲལ་གྱི་བྱུང་རྐྱེན་དེ་ རྐྱེན་ངན་གྲོགས་སུ་འཆར་བའི་གྲངས་སུ་ ཚུད་ཡོད་མི་དེ་ཡང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་དེ་གིས་ ཤེས་རྟོགས་མེད་པར་ མཆོད་རྟེན་གུ་ མ་འཛེགས་པ་ཅིན་ འབྲུག་གི་ལྟ་བཤལ་སྲིད་བྱུས་ ལེགས་བཅོས་དང་ བསྐྱར་ཞིབ་འབད་དགོ་པའི་ ལོ་རྒྱུས་ཐོན་དགོཔ་མིན་འདུག།

འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ ལྟ་བཤལ་པའི་ ས་ཁོངས་ཚུ་ནང་ འབག་ཆོག་དང་མ་ཆོག་ དེ་ལས་ དྲན་བསྐུལ་དང་ བཀའ་ཁྱབ་ཚུ་ལུ་ མ་གནས་པ་ཅིན་ ཉེས་བྱ་དེམ་ཅིག་ཕོག་ཟེར་ བརྡ་བྱང་ཚུ་ནང་ གསལ་བཀོད་འབད་དེ་ཡོདཔ་ མཐོང་གསལ་བྱུངམ་ཨིན་རུང་ རྡོ་སྐྱོང་ལ་བཟུམ་མའི་ བྱིན་རླབས་ཅན་གྱི་ ས་ཁོངས་དེ་ནང་ འདི་བཟུམ་མའི་ བརྡ་བྱང་མ་བཞག་པས།

མ་འོངས་པ་ལུ་ འདི་བཟུམ་མའི་ བྱུང་རྐྱེན་སྔོན་འགོག་འབད་ཐབས་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བྱིན་ཅན་ས་ཁོངས་དང་ ལམ་སྲོལ་དང་འབྲེལ་བའི་ གནས་རྩ་ཅན་ཚུ་ནང་ ལྟ་སྐོར་སྐབས་ ལམ་སྟོན་པ་དང་ ལྟ་བཤལཔ་ཚུ་ལུ་ འབད་ཆོག་མི་ཆོག་གི་ གོ་བརྡ་སྤྲོད་དགོཔ་མ་ཚད་ བརྡ་བྱང་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལྷོང་དགོཔ་བཞིན་དུ་ ལྟ་བཤལཔ་ཚུ་ཡང་ ལམ་སྟོན་པ་གིས་ སྣ་ཁྲིད་འབད་དགོཔ་ ངེས་པར་དུ་བཟོ་དགོན་འདུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *