ལྟ་བཤལ་གྱི་ དམིགས་བསལ་ལས་རིམ་ ཉོགས་བཤད་ཅན་སྦེ་ར་ཡོདཔ།

༉ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ གཞུང་གིས་ ལྟ་བཤལ་གྱི་ དམིགས་བསལ་ལས་རིམ་ནང་ གཞལམ་སྒང་རྫོང་ཁག་ ངོས་འཛིན་འབད་བའི་ཤུལ་ལས་ གསར་སྤང་རྫོང་ཁག་ལུ་ སོར་བསྒྱུར་འབད་མི་དེ་ ལམ་ལུགས་ལས་ འགལ་བ་མེན་ཟེར་ཨིན་པས།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ དྲི་བ་བཀོད་པའི་ལན་ལུ་ བློན་ཆེན་གྱིས་ སླབ་ཡོདཔ་ཨིན།
གཞུང་གིས་ དམིགས་བསལ་ལས་རིམ་ནང་ རྫོང་ཁག་༢༠ ལས་༤ ངོས་འཛིན་འབད་མི་དེ་ གཞུང་མེན་པར་ འབྲུག་ལྟ་བཤལ་ཚོགས་སྡེ་ཨིནམ་བཞིན་དུ་ གཞལམ་སྒང་ལས་ གསར་སྤང་ལུ་ སོར་བསྒྱུར་འབད་མི་དེ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གྲོས་བསྟུན་ཐོག་ལས་ འབད་ཡི་ཟེར་ཨིན་པས།
བློན་ཆེན་དང་འཁྲིལ་བ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ གཞལམ་སྒང་ལུ་མེན་པར་ གསར་སྤང་རྫོང་ཁག་ ལུ་ གཞི་བཙུགས་འབད་བ་ཅིན་ རྒྱ་འབྲུག་གི་ས་མཚམས་ཅིག་འབདཝ་ལས་ ཕུན་ཚོགས་གླིང་ཁྲོམ་བཟུམ་སྦེ་ གོང་འཕེལ་འགྱོ་ནི་དང་ ཆུ་ཁ་དང་ ཐིམ་ཕུག་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ལུ་ཡང་ ཁེ་ཕན་ཡོད་དོ་བཟུམ་སྦེ་ དགེ་ལེགས་ཕུག་ཁྲོམ་གོང་འཕེལ་ལུ་བརྟེན་ གཞལམ་སྒང་དང་ དར་དཀར་ན་ དེ་ལས་ ཀྲོང་གསར་རྫོང་ཁག་ཚུ་ལུ་ ཁེ་ཕན་འབྱུང་འོང་ཟེར་ཨིན་པས།
འཆར་དངུལ་དཔྱ་བགོའི་བཅའ་ཁྲིམས་དེ་ ཆ་འཇོག་འགྲུབ་པའི་ཤུལ་ལས་ འཆར་དངུལ་བཅའ་ཁྲིམས་གུ་སྒྱུར་ཡོདཔ་ལས་ ལོག་བསྒྱུར་བཅོས་འབད་ཐབས་མེད་རུང་ འཆར་དངུལ་བཅའ་ཁྲིམས་དེ་ ལོ་བསྟར་བཞིན་དུ་ འོང་དོ་ཡོདཔ་ལས་ དེ་གི་གནད་དོན་ཚུ་ བསྐྱར་ཞིབ་འབད་ནི་དང ཆ་མེད་གཏང་ནི་ དེ་ལས་ མཉམ་སྡེབ་འབད་ནིའི་ དབང་ཚད་འདུག་ཟེར་ ཨིན་པས།
གལ་སྲིད་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གཞུང་གིས་ བསྒྱུར་བཅོས་འབད་བའི་སྐབས་ ཁྲིམས་མཐུན་མེན་ པ་ཅིན་ དངུལ་རྩིས་ལྷན་ཁག་འོག་གི་ འབྲེལ་ཡོད་ལས་ཁུངས་དང་ དངུལ་རྩིས་བློན་པོ་གིས་ བཀག་ནི་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་འབད་རུང་ ཁྲིམས་མཐུན་ཡོདཔ་སྦེ་ཡོད་ཟེར་ ཞུ་ཡི།
གཞལམ་སྒང་རྫོང་ཁག་གི་ དམིགས་བསལ་ལྟ་བཤལ་ལས་རིམ་གྱི་དོན་ལུ་ མ་དངུལ་ས་ཡ་༡༡ བཞག་མི་དེ་ ལོག་འོས་ལྡན་ཅན་བཟོ་ནིའི་དོན་ལུ་ ཕྱི་འབྲེལ་བློན་པོ་གི་ ཁྲི་གུ་ཡོད་མི་དེ་ བསྟར་སྤྱོད་འབད་འོང་ཟེར་ བློན་ ཆེན་གྱིས་ ཞུ་ཡི།
འབྲུག་ལྟ་བཤལཔ་ཚོགས་སྡེ་དང་ མཇལ་ཕྲད་འབད་བའི་སྐབས་ གཞལམ་སྒང་རྫོང་ཁག་ནང་ ལྟ་བཤལ་གྱི་དོན་ ལུ་ ལས་རིམ་སྣ་ཚོགས་སྦེ་ འགོ་བཙུགས་བཞག་རུང་ ལྟ་བཤལ་འོང་ནི་མེད་པ་ཅིན་ དེ་གིས་ ཁེ་ཕན་མི་འོང་ནི་ ཨིནམ་ལས་ གསར་སྤང་ལུ་ སོར་བསྒྱུར་འབདཝ་ད་ མ་བཏུབ་མིན་འདུག་ཟེར་ ཆ་འཇོག་གྲུབ་གནང་ཡི་ཟེར་ བློན་ཆེན་གྱིས་ ཞུ་ཡི།
འབྲུག་ལྟ་བཤལ་ཚོགས་སྡེ་དང་ འབྲུག་རྒྱུ་ནོར་གཞི་བཟུང་གི་ འགོ་ཁྲིདཔ་ཚུ་ལུ་ གསར་སྤང་ལུ་ བཞག་ནི་ཨིན་ན་ ལོག་གཞལམ་སྒང་ལུ་ སོར་བསྒྱུར་འབད་ནི་ཨིན་ནའི་ ཐག་བཅད་མི་ལུ་ མ་བཏུབ་མེདཔ་སྦེ་ སླབ་ཅི་ཟེར་ ཨིན་པས།
ལས་རིམ་དེ་གི་དོན་ལུ་ མ་དངུལ་ས་ཡ་༡༠༠༠ ཡོད་མི་ལས་ ས་ཡ་༢༠༠ འི་དོན་ལུ་ རྫོང་ཁག་༤ ངོས་འཛིན་འབད་ཡོདཔ་ད་ ལྷག་ལུས་མ་དངུལ་ས་ཡ་༨༠༠ གུ་ ད་རུང་ འཆར་གཞི་༡༢ པའི་ལོ་༤ འི་ནང་འཁོད་ རྫོང་ཁག་གཞན་ཚུ་ནང་ བགོ་བཀྲམ་འབད་ནིའི་ འཆར་གཞི་ཚུ་ཡོད་ཟེར་ བློན་ཆེན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དམིགས་བསལ་ལས་རིམ་ འགོ་བཙུགས་དགོཔ་ལེ་ཤ་ཡོདཔ་ལས་ ང་ལུ་ ཚ་གྱང་ལང་དགོཔ་ ག་ནི་ཡང་མེད་ཟེར་ཨིནམ་ད་ དེ་གི་རྒྱབ་ལས་ སྲིད་དང་འབྲེལ་བའི་ ཉོགས་བཤད་ཡོད་པ་ཅིན་ འགོ་དང་པ་ར་ དམིགས་བསལ་ལས་རིམ་ནང་ གཞལམ་སྒང་རྫོང་ཁག་ ངོས་འཛིན་འབད་དགོཔ་མིན་འདུག་ཟེར་ ཨིན་པས།
དེ་ལུ་བརྟེན་ རྫོང་ཁག་༢༠ འི་གྲས་ལས་ འཆར་གཞི་༡༢ པའི་ནང་ མ་དངུལ་མང་ཤོས་ཨང་༧ པ་ བཞག་པའི་ རྫོང་ཁག་ཅིག་ཨིནམ་ད་ དེ་ཡང་ ཨང་དང་པ་ བསམ་རྩེ་དང་ གཉིས་པ་ བཀྲིས་སྒང་ གསུམ་པ་ མོང་སྒར་ བཞི་པ་ པདྨ་དགའ་ཚལ་ ལྔ་པ་ དར་དཀར་ན་རྫོང་ཁག་ཚུ་ནང་བཞག་མི་དེ་ སའི་རྒྱ་ཚད་དང་བསྟུན་ བགོ་བཀྲམ་འབད་མི་ མ་དངུལ་ཚུ་ཡང་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ འབད་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ འཆར་དངུལ་དཔྱ་བགོའི་བཅའ་ཁྲིམས་དང་ ལམ་ལུགས་ཚུ་ལས་ ཁྲིམས་འགེལ་མིན་འདུག་ཟེར་ བློན་ཆེན་གྱིས་ སླབ་ཅི།
དེ་བཟུམ་སྦེ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ འབྲུག་རྒྱུ་ནོར་གཞི་བཟུང་དང་ བློན་ཆེན་ཡིག་ཚང་ དེ་ལས་ ལས་སྡེ་ ཚུ་དང་ གྲོས་བསྟུན་དེ་ཡང་ འབྲུག་གཡུལ་དམིགས་བསལ་ལས་རིམ་དེ་ འབྲུག་རྒྱུ་ནོར་གཞི་བཟུང་ལུ་ སོར་ བསྒྱུར་འབད་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
གལ་སྲིད་ གཞལམ་སྒང་དང་ གསར་སྤང་བཟུམ་ཅིག་འབད་བ་ཅིན་ དེ་ཡང་ འབད་མི་ཆོག་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༧ ལུ་བཏང་མི་ ཡི་གུ་དེ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ ལས་ གཞུང་ལུ་ དེ་བཟུམ་མའི་ གྲོས་ཐག་བཅད་མི་དེ་གིས་ ཁྲིམས་ལས་འགལ་ནི་དང་ འཆར་དངུལ་གྱི་ བྱ་ རིམ་ཚུ་ལུ་ ཐོ་ཕོག་ཉེན་ཡོད་པའི་སྐོར་ལས་ བཤད་ཡོད་རུང་ ཐུགས་ཐག་བཅད་ནུག་ཟེར་བཀོད་ནུག།
ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་ཆོད་དེ་ བསྒྱུར་བཅོས་འབད་ནི་ཨིན་པའི་སྐོར་ ཤེས་རྟོགས་བྱུང་པའི་ཤུལ་ལས་
རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་༢ ཀྱིས་ ཆ་འཇོག་གྲུབ་པའི་མཐའ་མར་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་གིས་ བཀའི་གནང་བ་གྲོལ་བའི་ཤུལ་ལས་ དཔྱད་ཡིག་དེ་ འཕྲི་སྣོན་དང་ ཁྲིམས་མཐུན་ བཟོ་ནིའི་ དབང་ཚད་མེད་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་༢༠༡༩-༢༠ ཅན་མ་ ཆ་འཇོག་གྲུབ་མིའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ དམིགས་བསལ་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་ནུག།
འཆར་དངུལ་དཔྱ་བགོའི་དཔྱད་ཡིག་༢༠༡༩-༢༠ ཅན་མ་དེ་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་འདེབས་མཉམ་ བསྡེབས་ཐོག་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ གཞུང་ལུ་ ལྡོག་ཕྱོགས་ཀྱིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༤ པའི་རྩ་དོན་༡ པ་དང་༣ པ་ལུ་ གཞི་བཞག་ཐོག་ལས་ དྲི་བཀོད་འབད་བའི་ཁར་ རྩ་ཚན་༢༠ རྩ་དོན་༨ པའི་ དགོངས་དོན་དང་འཁྲིལ་ཏེ་ དྲི་ བཀོད་འབད་ཡོད་མིའི་ནང་ འཛིན་སྐྱོང་ལྷན་སྡེ་གིས་ སྤྱི་ཚོགས་ཀྱིས་བརྩམས་པའི་ཁྲིམས་ ཡང་ན་ ཁྱབ་དབང་ཡོད་པའི་ ཁྲིམས་གང་རུང་ཅིག་གི་ དགོངས་དོན་དང་མ་མཐུན་པ་ ཡང་ན་ དེ་ཚུ་ བསྒྱུར་བཅོས་སམ་ ཁྱད་པར་འབྱུང་སྲིད་པ་ ཡང་ན་ ཆ་མེད་འགྱོ་སྲིད་པའི་ འཛིན་སྐྱོང་བཀའ་རྒྱ་ ཁྱབ་བསྒྲགས་སམ་ བཅའ་ཡིག་བརྡ་སྐུལ་ཚུ་ གནང་ནི་མེད་ཟེར་ཨིན་པས།
ཨིན་རུང་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ འཆར་དངུལ་ཡོངས་བསྡོམས་ལས་ ལྷག་སྟེ་མ་འགྱོ་བ་ཅིན་ གཞུང་གིས་ དེ་བཟུམ་ཐག་བཅད་མི་དེ་ ཁྲིམས་འགལ་འགྱོ་ནི་བཟུམ་ མ་མཐོང་ཟེར་ཨིན་པས།
ཁོ་གིས་ གཞུང་གི་ཁྲིམས་དོན་ངོ་ཚབ་དང་ ལྡོག་ཕྱོགས་ཀྱིས་ ཁྲིམས་འགལ་ཨིནམ་སྦེ་མཐོང་པ་ཅིན་ གཞུང་ གིས་ ཆ་འཇོག་གྲུབ་ཡོད་པའི་ འཆར་དངུལ་ཚུ་ ལག་ལེན་མ་འཐབ་པར་ བསྣར་བཞག་སྟེ་ཤུལ་ལས་ འཆར་ དངུལ་ནང་ བཙུགས་འོང་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ ལྡོག་ཕྱོགས་ འགོ་ཁྲིདཔ་ལུ་ ཡིག་ཐོག་ལུ་ ལན་ཞུ་མིའི་ནང་ མ་གཞི་ དཔྱད་ཡིག་དེ་ ཚོགས་ཁང་གིས་ ཁྲིམས་ལུགས་དང་ བྱ་བའི་གནད་སྤྱོད་ དེ་ལས་ སྤྱི་ཚོགས་ཀྱི་བྱ་རིམ་ཚུ་ལས་ སྤུ་ཙམ་ཡང་ མ་འགལ་བར་ དགག་བཤེར་དང་ ཚད་མཉམ་གྱི་སྒོ་ལས་ གསུང་གྲོས་མཐིལ་ཕྱིན་གནང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཆ་འཇོག་གྲུབ་ཡོད་མི་དེ་ བཅའ་ཁྲིམས་སྦེ་ སྒྱུར་ཡོད་པའི་ཁར་ བཅའ་ཁྲིམས་འདི་ འཛིན་སྐྱོང་ལྷན་སྡེའི་ནང་ བསྟར་སྤྱོད་ཀྱི་དོན་ལུ་ ཕུལ་ཡོད་མི་དང་འཁྲིལ་ གཞུང་གི་ཁ་ཐུག་ལས་ དེ་བཞིན་གྱི་ ལག་ལེན་འཐབ་གནང་པའི་ རེ་བ་དང་བཅས་ ཕུལ་ཡི་ཟེར་ སྙན་ཞུའི་འདྲ་དེ་ བློན་ཆེན་དང་ ཚོགས་སྡེའི་ཁྲི་འཛིན་ དེ་ལས་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་དང་ རྒྱལ་ཡོངས་ཚོགས་འདུའི་ཡོངས་ཁྱབ་དྲུང་ཆེན་ལུ་ ཕུལ་ཡོད་ པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *