ལྟ་བཤལ་གྱི་འཐུས་ བསྡུ་ལེན་འབད་སའི་འབྲེལ་སྟེགས་ སྒོ་མ་ཕྱེ་བར་ཡོདཔ།

༉ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ནང་ ད་ལྟོའི་བར་ན་ཡང་ ལྟ་བཤལ་གྱི་འཐུས་ བསྡུ་ལེན་འབད་སའི་འབྲེལ་སྟེགས་ སྒོ་མ་ཕྱེ་བར་ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༡༥ ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རྒྱལ་ཡོངས་དྲན་རྟེན་ཚོགས་ཆུང་གིས་ ལྟ་བཤལ་ག་རའི་དོན་ལུ་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེའི་ དྲན་རྟེན་༨ ཀྱི་ ས་ཁོངས་ཚུ་ནང་ ལྟ་སྐོར་འབད་བའི་འཐུས་ཚུ་ བསྐྱར་ཞིབ་འབད་དེ་ དེ་འཕྲོ་ལས་ ལག་ལེན་འགོ་བཙུགས་དགོ་པའི་ གསལ་བསྒྲགས་འབད་ནུག།

ཚོགས་སྡེ་གིས་ གསལ་བསྒྲགས་འབད་མིའི་ནང་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༢༣ ཚུན་ ལྟ་བཤལཔ་ཚུ་ལས་ འཛུལ་འཐུས་ཚུ་ འགྲུལ་ཡིག་དང་འཁྲིལ་ཏེ་ བསྡུ་ལེན་འབད་ནི་ཟེར་བཀོད་ནུག། 

ཨིན་རུང་ ལྟ་བཤལ་ལག་ལེན་པ་དང་ ལམ་སྟོན་པ་ཚུ་གིས་ རང་སོའི་ལྟ་བཤལཔ་ཚུ་ ཧེ་མ་བཟུམ་སྦེ་ ས་ཁོངས་ཚུ་ནང་ལྷོདཔ་ད་ འཛུལ་འཐུས་སྤྲོད་ནི་སྦེ་ འཁྱིད་འགྱོ་དོ་ཡོདཔ་ཨིན་པས།

ནད་ཡམས་མ་ཐོན་པའི་ཧེ་མར་ ལྟ་བཤལཔ་ཚུ་གིས་ དྲན་རྟེན་གྱི་ འཛུལ་འཐུས་ཚུ་ ས་ཁོངས་ནང་ལྷོདཔ་ད་རྐྱངམ་གཅིག་ སྤྲོད་དོ་ཡོདཔ་ད་ ལྟ་བཤལ་ལག་ལེན་ལས་སྡེ་ཅིག་གིས་ སླབ་མིའི་ནང་ ཚོགས་སྡེའི་གསལ་བསྒྲགས་ནང་ འཛུལ་འཐུས་ཚུ་ ག་ཏེ་ལུ་ བྱིན་ནི་ཨིན་ན་ ཁ་གསལ་མིན་འདུག་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ལྟ་བཤལཔ་ཅིག་ སྤུ་ན་ཁ་རྫོང་ མཇལ་བར་འགྱོ་བའི་སྐབས་ འཛུལ་འཐུས་དེ་ སྔ་གོང་ལས་ ཚོགས་སྡེ་ལུ་ མ་སྤྲོད་པའི་ཁར་ དྲན་རྟེན་མཇལ་ནི་གི་ ཡི་གུ་གསལ་སྟོན་འབད་ནི་མེདཔ་ལས་ ནང་ན་འཛུལ་མ་བཅུག་པར་ བཞག་ཡོདཔ་ཨིན་པས།

ད་རེས་ དྲན་རྟེན་ལ་ལོ་ཅིག་ནང་ ཁྲིམས་སྲུང་འགག་པ་དང་ ལྟ་རྟོག་འབད་མི་ ག་ཡང་མེད་པའི་ཁར་ འཛུལ་འཐུས་བྱིན་ནི་གི་ འབྲེལ་སྟེགས་མེདཔ་ལས་ ལྟ་བཤལཔ་ཚུ་གིས་ འཛུལ་འཐུས་མ་བྱིན་པར་ ནང་ན་འཛུལ་དོ་ ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ལྟ་བཤལཔ་ཅིག་གིས་ ཁྱི་མེད་ལྷ་ཁང་མཇལ་རུང་ དེ་ཚེ་ ཚོགས་སྡེ་ལུ་ འཛུལ་འཐུས་མ་བྱིན་མི་ལུ་བརྟེན་ ལྟ་བཤལཔ་དེ་ སྤུ་ན་ཁ་རྫོང་མཇལ་མ་བཅུག་པར་ བཞག་ཡོདཔ་ཨིན་པས།

རྫོང་ནང་ན་ འཛུལ་མ་བཅུག་མི་ ལམ་སྟོན་པ་ཅིག་གིས་ སླབ་མིའི་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ འཛུལ་འཐུས་སྤྲོད་དགོཔ་དང་ ཡི་གུ་ལེན་དགོ་པའི་སྐོར་ལས་ མ་ཤེས་ཟེར་ཨིནམ་ད་ ལྟ་བཤལཔ་ཚུ་ ཚོར་སྣང་ལེགས་ཤོམ་མེད་པའི་ཐོག་ལས་ ལོག་འགྱོ་དགོ་པས་ཟེར་ བཤདཔ་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དྲན་རྟེན་གྱི་ འཛུལ་འཐུས་བསྡུ་ལེན་གྱི་ གནས་ཚད་ལམ་ལུགས་ བཟོ་ཡོད་པའི་ཁར་ རྫོང་ཁག་ག་རའི་ནང་ ལྟ་བཤལ་པའི་ འཛུལ་འཐུས་ཚུ་ སྤྱི་ཟླ་༩ པའི་ཚེས་༢༣ ཚུན་ ཚོགས་སྡེ་གིས་ བསྡུ་ལེན་འབད་དེ་ རང་སོའི་རྫོང་ཁག་གི་ དྲན་རྟེན་ནང་ བཙུགས་བྱིན་ནི་སྦེ་ སྙན་ཞུ་འབད་ནུག།

གནས་ཚད་ལམ་ལུགས་ནང་ ལྟ་བཤལ་ལག་ལེན་པ་ ཡང་ཅིན་ ཞུ་ཡིག་བཙུགས་མི་ཚུ་གིས་ ཁོང་རའི་འཆར་གཞི་དང་ དྲན་རྟེན་ལྟ་སྐོར་འབད་ནི་སྐོར་ལས་ སྔ་གོང་ལས་ ཚོགས་སྡེ་ལུ་ སྙན་ཞུ་འབད་དགོཔ་སྦེ་ཡོདཔ་ད་ ཚོགས་སྡེ་གིས་ འཛུལ་འཐུས་བསྡུ་ལེན་འབད་དེ་ རྫོང་ཁག་གི་ དྲན་རྟེན་རྩིས་ཁྲ་ནང་ བཙུགས་བྱིན་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྟ་བཤལཔ་ ཡང་ཅིན་ ལྟ་བཤལ་ལག་ལེན་པ་ཚུ་གིས་ དྲན་རྟེན་གྱི་ ས་ཁོངས་ནང་ ལྷོད་པའི་སྐབས་ འཛུལ་འཐུས་བཏབ་ཡོད་པའི་ འཛིན་ཤོག་དང་ ཚོགས་སྡེ་ལས་ གནང་བ་གྲུབ་པའི་ ཡི་གུ་གསལ་སྟོན་འབད་དགོཔ་ཨིན་པས།

ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༢༣ ཚུན་ ལྟ་བཤལ་ལག་ལེན་པ་ཚུ་གིས་ འཛུལ་འཐུས་ཚུ་ ཚོགས་སྡེའི་རྩིས་ཁྲ་ནང་ བཙུགས་པའི་ཤུལ་ལས་རྐྱངམ་གཅིག་ ཚོགས་སྡེ་གིས་ འབྲེལ་ཡོད་རྫོང་ཁག་ཚུ་ནང་ དྲན་རྟེན་མཇལ་ཆོག་པའི་ ཡི་གུ་བྱིན་འོང་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༣ ལས་ ལྟ་བཤལ་དེ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ནི་ཨིནམ་ད་ ལྟ་བཤལ་ལག་ལེན་པ་ཚུ་ལུ་ བསྒྱུར་བཅོས་སྐོར་ལས་ བརྡ་དོན་སྤྲོད་ཡོདཔ་ལས་ ཤེས་རྟོགས་བྱུང་བྱུངམ་འོང་ཟེར་ རྡོ་རྗེ་དགྲ་འདུལ་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་སྡེ་གིས་ རྫོང་ནང་ན་ འཛུལ་མ་བཅུག་མི་ ལྟ་བཤལཔ་དང་ཕྱད་དེ་ འཐུས་ཤོར་བྱུང་མི་ཚུ་གི་སྐོར་ལས་ དོགས་སེལ་འབད་འོང་ཟེར་ཨིནམ་ད་ འབྲུག་ལུ་འོང་མི་ ལྟ་བཤལཔ་ག་ར་འབད་རུང་ བསམ་པ་རྫོགས་ཏོག་ཏོ་སྦེ་ ལོག་འགྱོ་བཅུག་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *