ཀུན་གསལ་ཕོ་བྲང་གི་ས་ཁོངས་ནང་ ལྗགས་ལུང་ཞུ་མི་ཚུ་གིས་ སྤུབས་ཡོད་མི་ གུར་ཚུ།

ལྗགས་ལུང་གནང་སར་ གུར་དང་སྦ་སྒོར་༦༠༠ དེ་ཅིག་ཡོད་མི་ཚུ་ མེ་རྐྱེན་ལས་ ཉེན་སྲུང་།

༉ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་འགྱུར་གྱི་ལྗགས་ལུང་གནང་སར་ ལུང་ཞུ་མི་ཚུ་གིས་ གུར་དང་ སྦ་སྒོར་ལེ་ཤ་བཟོ་སྟེ་ སྡོད་མི་ལུ་བརྟེན་ མེ་རྐྱེན་ཤོར་ནིའི་ཉེན་ཁ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཕྲལ་འཕྲལ་ར་ ཉེན་སྲུང་གི་གོ་བརྡ་ཚུ་ སྤྲོད་དོ་ཡོདཔ་ཨིན་པས།
ལྗགས་ལུང་འགོ་འདྲེན་ཚོགས་ཆུང་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ཟླ་༨ པའི་ཚེས་༧ ཚུན་ ཡོངས་བསྡོམས་མི་༢,༧༧༦ གུར་དང་ སྦ་སྒོར་ཚུ་ནང་ སྡོད་དོ་ཡོད་མི་ལས་ དེ་ཡང་ གུར་༤༨༠ ནང་ མི་༡,༤༤༠ དང་ སྦ་སྒོར་༡༡༩ ནང་ མི་༡,༤༣༦ སྡོད་དོ་ཡོདཔ་ཨིན་པས།
གུར་རེ་ནང་ མི་༢ དང་༣ ཤོང་ཚུགས་དོ་ཡོདཔ་མ་ཚད་ སྦ་སྒོར་ནང་ ཉུང་ཤོས་མི་༣ དང་ མཐོ་ཤོས་༤༠ དེ་ཅིག་ཡོདཔ་ད་ སྦ་སྒོར་དེ་ ཨེན་ཏ་དང་ ལྕགས་ཤོག་ལ་སོགས་པ་ཚུ་གིས་ བཟོ་ནུག།
གུར་དང་ སྦ་སྒོར་ཚུ་ སྦོ་ལོགས་ཁར་ བཟོ་ཡོད་ནི་དེ་གིས་ གལ་སྲིད་ སྦ་སྒོར་ཅིག་ལུ་ མེ་རྐྱེན་འབྱུང་པ་ཅིན་ གཞན་ཚུ་ཡང་ འཚིགས་ནིའི་ཉེན་ཁ་སྦོམ་སྦེ་ར་ མཐོངམ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༦ གི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ལུ་ གུར་༡ མེ་གིས་འཚིགས་ཡོདཔ་ད་ དེ་ཡང་ མེ་རླུང་གེསི་ལས་ བྱུང་ཡོད་པའི་དོགས་པ་ཡོདཔ་ད་ གུར་དེ་ནང་ ཨང་རྒས་༢ དང་ ཨ་རྒས་༡ སྡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་རྐྱེན་ངན་ཚུ་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ ཕྱི་རུ་ ལྗགས་ལུང་མཇུག་བསྡུཝ་ཅིག་ གུར་དང་ སྦ་སྒོར་རེ་རེ་བཞིན་དུ་ ལྟ་སྐོར་འབད་ཐོག་ལས་ མེ་དང་འབྲེལ་བའི་ཉེན་སྲུང་གི་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།
དེ་བསྒང་ སྡེ་ཚན་དེ་གིས་ གུར་དང་སྦ་སྒོར་ཚུ་ནང་ དཀར་མེ་ཕུལ་མ་བཞག་ཟེར་ཨིནམ་ད་ མེ་རླུང་གེསི་ཚུ་ཡང་ བཏང་མ་བཞག་ཟེར་ སླབ་དོ་ཡོདཔ་ད་ ཁོང་སྡོད་ས་ ཚལ་མ་ནང་འབདཝ་ལས་ བྱི་ཙི་ཚུ་གིས་ གེསི་གི་ཐགཔ་ཚུ་ཡང་ བཏོགས་གཏང་ནིའི་ ཉེན་ཁ་ཡོདཔ་ལས་ དེ་ཡང་ ལྟ་ཞིབ་འབད་དགོ་ཟེར་ གོ་བརྡ་འབད་ནུག།
འགོ་དཔོན་དེ་གིས་ སླབ་མིའི་ནང་ ད་ལྟོ་ ལྗགས་ལུང་ཚོགས་ཆུང་གིས་ བཀྲམ་སྤེལ་འབད་མི་ འཐུང་ཆུ་ཚུ་ འཐུང་བཏུབ་སྦེ་ཡོདཔ་ལས་ དེ་ར་ལག་ལེན་འཐབ་ནི་མ་གཏོགས་ གཞན་ཁ་ལས་ ལག་ལེན་འཐབ་ནི་མི་འོང་ཟེར་ གོ་བརྡ་སྤྲོད་དོ་ཡོདཔ་ད་ དེ་ཡང་ ཚོགས་ཆུང་གིས་ བཀྲམ་སྤེལ་འབད་མི་ཆུ་དེ་ གསོ་བའི་ཁ་ཐུག་ལས་ བརྟག་ཞིབ་འབད་ནི་དེ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་སྐྱོན་མེདཔ་ཨིན་པས།
མེ་རྐྱེན་གྱི་ ཉེན་སྲུང་དོན་ལུ་ མཆོད་ཁང་གི་མཐའ་འཁོར་ལུ་ མེ་བསད་སྣུམ་འཁོར་ཅིག་དང་ ཁྲིམས་སྲུང་མེ་བསད་སྡེ་ཚན་ལས་ ཁྲིམས་སྲུང་འགག་པ་༤ ཉིན་ནུབ་མེད་པར་ ལྟ་རྟོག་འབད་དོ་ཡོདཔ་ད་ གལ་སྲིད་ གནས་སྐབས་ཀྱི་སྡོད་ཁང་ཡོད་སར་ མེ་རྐྱེན་རེ་འབྱུང་པ་ཅིན་ སྡེ་ཚན་དེ་གིས་ གདོང་ལེན་འབད་ནི་ཨིན་པས།
ཚོགས་ཆུང་གི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ གློག་མེའི་ཞབས་ཏོག་གི་ཐད་ཁར་ ཚོགས་ཆུང་གིས་ འབྲུག་གློག་མེ་ལས་འཛིན་ལས་ ཞབས་ཏོག་ལེན་ཐོག་ལས་ གློག་ཐག་ཚུ་ གུར་དང་ སྦ་སྒོར་ག་ཡོད་སར་ བསྐྱལ་ཡོདཔ་ལས་ སྒེར་གྱི་ཐོག་ལས་ གློག་ཐག་འཐེན་ནི་དང་ མཐུད་སྦྲེལ་འབད་ནི་ལས་ འཛེམ་གནང་ཟེར་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་འོག་མ་ བཀྲིས་སྒང་གི་བླམ་གནས་བརྟན་ མཁན་པོ་ཀརྨ་རང་གྲོལ་གྱིས་འབད་བ་ཅིན་ གསང་སྤྱོད་ཀྱི་ དཀའ་ངལ་ཡང་མེདཔ་ལས་ གཙང་སྦྲ་གི་ཐོག་ལུ་ སྡོད་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཆོས་ཁང་གི་སྦོ་ལོགས་ཁར་དང་ མི་མང་གི་དོན་ལུ་ གསང་སྤྱོད་༧༨ ཡོད་མི་ཚུ་ག་ར་ དེང་སང་ལུགས་ཀྱི་ ཆུ་ལག་ལེན་འཐབ་བཏུབ་མི་ཨིན་པས།
དེ་མ་ཚད་ ཆུ་རྒྱུན་མ་ཆད་པར་ཡོདཔ་མ་ཚད་ གསང་སྤྱོད་ཧིང་སངས་ས་ བཞག་ནིའི་དོན་ལུ་ མི་ཚུ་ཡང་བཙུགས་ཡོདཔ་ཨིན་རུང་ ཡར་མར་རྒྱུན་འགྲུལ་འབད་བའི་སྐབས་ ཆབ་གསང་གི་དྲིམ་མནམ་མི་དེ་ གསང་སྤྱོད་ཚུ་ འཁོར་ལམ་གྱི་ སྦོ་ལོགས་ཁར་ ཡོད་ནི་དེ་གིས་ཨིན་པས།
དེ་མ་ཚད་ སྦ་སྒོར་དང་ གུར་ནང་སྡོད་མི་ཚུ་གིས་ ས་དོང་གི་གསང་སྤྱོད་༥༢ བཟོ་ཡོདཔ་ད་ མ་གཞི་ ས་དོང་གི་གསང་སྤྱོད་ཚུ་ འཁོར་ལམ་གྱི་ སྦོ་ལོགས་ཁར་མེདཔ་ཨིན་རུང་ དྲིམ་མནམ་ནིའི་ཉེན་ཁ་འདུག།
གནས་སྐབས་ཀྱི་ སྡོད་ཁང་ཚུ་ ཀུན་གསལ་ཕོ་བྲང་གི་ས་ཁོངས་ནང་ ས་ཆ་ཨེ་ཀར་༢༢ ནང་ བཟོ་བཅུག་ཡོདཔ་ད་ དེ་ཁར་ འཐུང་ཆུའི་ཞབས་ཏོག་གི་དོན་ལུ་ ཆུ་མཛོད་སིན་ཊེགསི་༡༦ ཡོད་རུང་ དེ་ཁར་སྡོད་མི་ཚུ་གིས་ ཆུ་མ་ལང་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ ཚོགས་ཆུང་གིས་འབད་བ་ཅིན་ ཆུ་ལངམ་སྦེ་ཡོད་རུང་ མི་ཚུ་གིས་ ལེགས་ཤོམ་སྦེ་ ལག་ལེན་མི་འཐབ་པས་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ ཆུ་དུང་ཚུ་ བཏོགས་བཏང་ནུག་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *