གྱིབ་ཀྱི་རྩྭ་གདན་འཐིང་ནིའི་ལཱ་ མཇུག་བསྡུ་ཡོད་མི་ ལྕམ་མཁར་མི་མང་རྩེད་ཐང་།

ལྕམ་མཁར་མི་མང་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་ནིའི་ལཱ་ མཇུག་བསྡུ་ཡོདཔ།

༉ བུམ་ཐང་ལུ་ ཕུཊ་བཱོལ་ལུ་སྤྲོ་བ་ཡོད་མི་ཚུ་གིས་ འཕྲལ་མགྱོགས་ར་ གྱིབ་ཀྱི་རྩེད་ཐང་ནང་ རྩེ་ནིའི་གོ་སྐབས་འཐོབ་ཚུགས་ནི་ཨིནམ་ད་ དེ་ཡང་ ལྕམ་མཁར་ལུ་ཡོད་མི་ མི་མང་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་ནིའི་ལཱ་ མཇུག་བསྡུ་མི་ལུ་བརྟེན་ཨིན་པས།
གྱིབ་ཀྱི་རྩྭ་གདན་འཐིང་མི་ ཁག་འབག་གིས་ འཕྲལ་མགྱོགས་ར་ རྩིས་སྤྲོད་འབད་ནི་ཨིན་རུང་ ད་ལྟོ་ རྩེད་ཐང་ནང་ཡོད་པའི་ གྱིབ་ཀྱི་རག་རོ་ཚུ་ བསལ་བཀོག་ནི་དང་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
རྩེད་ཐང་སྐོར་ར་རྐྱབ་སྟེ་ ལྕགས་སྐུད་ར་བ་བསྒོར་ནིའི་དོན་ལུ་ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༦.༥ གཏང་ནི་ཨིནམ་བཞིན་དུ་ དེ་གི་དོན་ལུ་ རིན་བསྡུར་འབད་ཡོདཔ་ལས་ ཟླཝ་༦ གྱི་ནང་འཁོད་ལུ་ མཇུག་བསྡུ་ནི་ཨིན་པས།
ད་ལྟོ་ཚུན་ བུམ་ཐང་ལུ་ ཕུཊ་བཱོལ་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ སློབ་གྲྭའི་རྩེད་ཐང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བུམ་ཐང་རྫོང་ཁག་ནང་ སྤྱི་ལོ་༢༠༡༤ ལས་ ཕུཊ་བཱོལ་རྩེད་འགྲན་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ད་ བཀྲིས་དར་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་མ་ རྩེད་ཐང་ལེགས་ཤོམ་མེད་ནི་དེ་གིས་ འགོ་འདྲེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ཐོན་ཡོད་རུང་ ད་ལས་ཕར་ གྱིབ་ཀྱི་རྩྭ་གདན་འཐིང་མི་ རྩེད་ཐང་དེ་གི་ལཱ་ མཇུག་བསྡུ་ཡོདཔ་ལས་ དཀའ་ངལ་སེལ་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོ་ཚུན་ རྩེད་ཐང་ལེགས་ཤོམ་ཅིག་མེདཔ་ལས་ ཕུཊ་བཱོལ་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་ནི་ལུ་ གདོང་ལེན་བྱུང་ཡོདཔ་ཨིན་རུང་ སློབ་གྲྭའི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་ཡོདཔ་ལས་ འགོ་འདྲེན་འཐབ་སྟེ་ར་ ཡོད་ཟེར་ཨིནམ་ད་ ད་ལས་ཕར་ རྩེད་ཐང་གསརཔ་དེ་ནང་ ཕུཊ་བཱོལ་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཆ་མཉམ་ལུ་ར་ གོ་སྐབས་བྱིན་ཚུགས་ནི་མས་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ གྱིབ་ཀྱི་རྩྭ་གདན་འཐིང་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༦.༥ བཏང་ཡོདཔ་བཞིན་དུ་ ཁག་འབག་གི་ལཱ་དེ་ རྒྱ་གར་ མོམ་བཱའེ་ལུ་ ཨེ་ཀུ་ཝ་ ཨིས་པོརཊི་ལས་སྡེ་གིས་ འབད་ཡོདཔ་ཨིན་པས།
གྱིབ་ཀྱི་རྩྭ་གདན་འཐིང་ནིའི་ལཱ་དེ་ དུམ་གྲ་ཅིག་ ཡུན་འགྱངས་ལུས་མི་དེ་ཡང་ ལས་མི་ཚུ་གིས་ སྡོད་མ་བཏུབ་མི་དང་ རྫོང་ཁག་གཞན་ཁར་ རྩེད་ཐང་གི་ལཱ་ མཇུག་མ་བསྡུ་བར་ཡོདཔ་ལས་ གན་ཡིག་བསྐྱར་གསོ་འབད་མི་ལུ་བརྟེན་ཨིན་པས།
ཕུཊ་བཱོལ་རྩེད་མི་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ གྱིབ་ཀྱི་རྩྭ་གདན་འཐིང་མི་ རྩེད་ཐང་དེ་ ལག་ལེན་འཐབ་ནིའི་དོན་ལུ་ སག་ལང་སྟེ་ཡོད་ཟེར་ཨིན་པས།
ཧེ་མ་ཚར་ཅིག་ གྱིབ་ཀྱི་རྩྭ་གདན་ཚུ་ ས་གནས་ནང་ལྷོད་ཡོད་རུང་ ལཱ་འབད་ནི་མེདཔ་ལས་ ཐེ་ཚོམ་ཆགས་དགོཔ་བྱུང་ཡོད་རུང་ ད་རེས་འབདཝ་ད་ ལཱ་མཇུག་བསྡུ་སྟེ་ གྲ་སྒྲིག་སོང་ཡོདཔ་ལས་ སེམས་དགའ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
གྱིབ་ཀྱི་རྩྭ་གདན་ཐང་དེ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཁག་འབགཔ་ལས་ རྩིས་ལེན་ཞིནམ་ལས་ བུམ་ཐང་རྫོང་ཁག་ལུ་ རྩིས་སྤྲོད་འབད་ནི་ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *