སོ་ནམ་པ་ བསོད་ནམས་བཟང་མོ་དང་ དཀོན་མཆོག་བཟང་པོ་༢ ཁོང་རའི་ཆུ་ཞིང་ནང་དཔག་མི་ ཆུ་སྲུང་ སྡོད་པའི་བསྒང་།

ལྕང་ལཱ་རྐྱབ་ནི་ འགོ་བཙུགས་རུང་ ཞིང་ཆུའི་བྲེལ་ཟིང་ཐོན་བཞིན་དུ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ ཤ་ཕང་མ་ལུ་ གཡུས་ཁའི་སོ་ནམ་པ་གཞན་ཚུ་ ཞབས་ཁྲ་འཐེན་ཐོག་ལས་ ལྕང་ལཱ་རྐྱབ་ད་ སྒལ་ཏོ་ཁར་ ཨ་ལོ་འབག་མི་ ཨམ་སྲུ་ཅིག་ མོ་རའི་ཆུ་ཞིང་ནང་དཔག་མི་ རོང་ཆུ་བདའ་སྟེ་ ཕར་ཚུར་འགྱོ་སར་མཐོངམ་མས།

དེ་ཡང་ སྐྱེས་ལོ་༣༣ ལང་མི་ བསོད་ནམས་བཟང་མོ་དེ་ དྲོ་པར་ལྟཝ་ད་ གླང་དོ་༡ དེ་ཅིག་འབད་མི་ མོ་རའི་ཨ་རིང་ནང་དཔག་མི་ ཞིང་ཆུ་ཆད་ཡོདཔ་ལས་ ག་ཅི་འབད་དཔ་ཨིན་ན་ཟེར་ དབུགས་འགམ་སྟེ་ ཆུ་ལམ་བདའ་སྟེ་ བལྟ་བར་སོངམ་ད་ མི་གཞན་གྱིས་ ཆུ་ལམ་བསུབས་བཞག་སར་མཐོང་ནུག།
ཨ་ལོ་༤ གི་ཨའི་དེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ རི་གུ་ལས་བབས་མི་ རོང་ཆུ་དེ་ ཆུང་དྲགས་མི་ལུ་བརྟེན་ སོ་ནམ་པ་ མཉམ་རོགས་ཚུ་གིས་ ག་ཐོབ་རྐྱབ་སྟེ་ ནུབ་མོར་གཞན་གྱི་ ཆུ་ལམ་བཀག་བཞག་ཐོག་ལས་ ཁོང་རའི་ ཞིང་ནང་ དཔག་བཞགཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཆུ་གི་སྐོར་ལས་ ཁྱིམ་ཚང་ནང་དོག་ལུ་ འཕྲལ་འཕྲལ་ར་ ཁ་འཐབ་ཚིག་འཐབ་འབད་དགོཔ་ ཐོནམ་མས་ཟེར་ ཉིན་མར་ཆུ་སྲུང་སྡོད་མི་ བསོད་ནམས་བཟང་མོ་གིས་ བཤདཔ་ཨིན་པས།
ད་རུང་ ལག་པར་འཁརཝ་བཤེད་ ཞེ་སྡང་མེ་བཟུམ་འབར་མི་ ཕོ་སྐྱེས་ཅིག་ཡང་ ཞིང་ཆུའི་མཐའམ་བདའ་སྟེ་ ས་ཁོངས་དེ་ནང་ འོང་མི་དེ་ཡང་ ཁོ་རའི་ཆུ་ཞིང་ནང་ ཞིང་ཆུ་བཀག་བཞག་མི་དེ་ གཏང་ཐབས་ལུ་ཨིན་པས།
དཀོན་མཆོག་བཟང་པོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཆར་ཆུ་དུས་ཚོད་ཁར་ རྐྱབ་ནི་ཡོདཔ་ལས་ ལྕང་ལཱ་རྐྱབ་ནི་ལུ་ དཀའ་ངལ་འཐོན་ནི་མེད་རུང་ ད་རེས་ནངས་པར་ ཆུ་ཞིང་གི་ ཇོ་བདག་ཚུ་གིས་ མི་གཞན་ལུ་ བགོ་མཐུན་སྦེ་ བཟའ་སྤྱོད་འབད་བཅུག་མི་ལུ་བརྟེན་ སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༣༨ ལང་མི་ སོ་ནམ་པ་ རིན་ཆེན་གྱིས་འབད་བ་ཅིན་ ཆརཔ་རྐྱབ་ད་རྐྱངམ་གཅིག་ ལྕང་ལཱ་རྐྱབ་དོ་ཟེར་ཨིན་པས།
དེ་འབདཝ་ད་ སོ་ནམ་པ་གཞན་ རིག་འཛིན་ལྷ་མོ་གིས་ མོ་ལུ་ ཆུ་ཞིང་གླང་དོ་༡ ལྷགཔ་ཅིག་ཡོད་མིའི་ནང་ མོ་རའི་ ས་ཞིང་གི་ ནང་འཁོད་ལས་ ཆུ་ཐོན་ནི་དེ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ལྕང་ལཱ་རྐྱབ་ཚུགས་ནུག།
རིན་འཛིན་ལྷ་མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཁྱིང་གུང་པ་༥༠ དེ་ཅིག་གིས་ ལག་ལེན་འཐབ་མི་ ཆུ་གཡུར་དེ་ སོ་ནམ་ཞིང་ལམ་སེལ་བའི་སྐབས་ མེདཔ་བཏང་ནུག་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཤོ་བཀང་ཆུ་ཞིང་གི་དོན་ལུ་ ཆུ་གཡུར་གསརཔ་བཏོན་ནིའི་དོན་ལས་ རྒེད་འོག་བདག་སྐྱོང་ལུ་ གྲོས་འཆར་བཙུགས་དགོཔ་ཡོད་ཟེར་ཨིནམ་ད་ ལྕང་ལཱ་རྐྱབ་ནི་གི་ སྤྲོ་བ་སྦོམ་ཡོད་རུང་ ཆུ་གཡུར་མེདཔ་མ་ཚད་ གཞུང་ལས་གནང་མི་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་ཡང་ ལག་ལེན་འཐབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཤོ་བཀང་ལུ་ ཆུ་གཡུར་མེདཔ་ལས་ ཆུ་ལངམ་མ་ཚུགས་པའི་དཀའ་ངལ་སྦོམ་ཡོད་རུང་ ཉམས་བཅོས་དང་ ཆུ་ལམ་གསརཔ་བཏོན་ནི་གི་ གྲོས་འཆར་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
དགྲ་མེད་རྩེའི་ རྒཔོ་དཀོན་མཆོག་ཚེ་རིང་གིས་ ཤ་ཕང་མ་དང་ བར་ཟོར་ དེ་ལས་ གཡུས་ཚན་གཞན་ཚུ་ནང་ ཆུ་ཞིང་གི་དོན་ལུ་ ཆུ་གཡུར་ཉམས་བཅོས་འབད་བའི་བསྒང་ཡོད་རུང་ ཤོ་བཀང་གི་ ཆུ་ཞིང་ཨེ་ཀར་༥༠ ལྷགཔ་ཅིག་གི་དོན་ལུ་ འཆར་གཞི་ག་ནི་ཡང་ མེདཔ་ལས་ མི་སེར་དང་ གྲོས་བསྟུན་འབད་ཞིནམ་ལས་ འོས་འབབ་དང་འཁྲིལ་ འཆར་གཞི་༡༢ པའི་ནང་ འཆར་དངུལ་བཙུགས་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *